ཕ་མ་དང་ཁ་ཐག་རིང་བའི་ཕྲུ་གུ་ཚོར་ལྟ་སྐྱོང་བྱེད་རྒྱུ་བྱུང་བ་བཞིན་ཆོས་བྱས་ན་ཡང་བྱུང་ཡོད་མ་རེད་བསམ་གྱི་འདུག
རྒན་དངོས་གྲུབ་དབང་འདུས་ནི་བོད་ཁྱིམ་སློབ་གྲྭ་ཁག་མང་པོའི་ནང་དབུ་འཛིན་གྱིས་གཙོས་པའི་མི་ལོ་ཧྲིལ་པོ་༤༢ ཀྱི་རིང་ལ་ཕྱག་ལས་གནང་མྱོང་ཡོད་མཁན་ཞིག་ཡིན་པ་དང་། ཁོང་ཉེ་ཆར་བགྲེས་ཡོལ་གནང་བ་དང་བསྟུན་ནས་བཅར་འདྲི་ཞིག་ཞུས་པ་ཡིན།
དྲི་བ། སྐུ་ཉིད་ངོ་སྤྲོད་ཉུང་བསྡུས་དང་འདས་པའི་དུས་སུ་སློབ་གྲྭ་ཁག་གི་ནང་ཕྱག་ལས་གང་དང་གང་གནང་ཡོད་མེད་ཅིག་གསུངས་རོགས།
ལན། ང་བོད་དུ་སྐྱེས་ནས་ཕྱི་ལོ་༡༩༦༣ ལོར་རྒྱ་གར་ནང་ལ་བཙན་བྱོལ་དུ་འབྱོར་བ་རེད། ཐོག་མར་རྒྱ་གར་དུ་འབྱོར་དུས་དྷ་རམ་ས་ལར་བོད་ནས་ཕེབས་མཁན་རྣམས་ལ་སློབ་སྦྱོང་སྤྲད་ས་ཟུར་འཚོགས་སློབ་གྲྭ་ཞེས་པ་ཞིག་ཡོད་པ་དེ་དང་། རྒྱ་གར་གཞུང་གི་གཏན་སློབ་པར་ཤཱི་མ། མ་སུ་རི་བཅས་སུ་སློབ་གཉེར་བྱས། ཕྱི་ལོ་༡༩༧༣ ལོར་ཆོས་རིག་ལྷན་ཁང་དང་ཤེས་རིག་ལྷན་ཁང་གཉིས་སུ་འཕྲལ་སེལ་གྱི་ལས་ཀ་བྱ་རྒྱུའི་གོ་སྐབས་ཐོབ་པ་དང་། དེ་རྗེས་ལ་དྭགས་བསོད་ནམས་གླིང་སློབ་གྲྭའི་དགེ་རྒན་དང་ཏེ་ཛུར་དར་རྒྱས་གླིང་དུ་གཞིས་ཆགས་ཀྱི་ལས་བྱེད་བྱ་རྒྱུ་གཉིས་གདམ་གའི་ཐོག་ནས་ལས་ཀ་བྱེད་རྒྱུའི་གོ་སྐབས་བྱུང་བར། ང་རང་དགེ་རྒན་བྱ་རྒྱུའི་འདོད་པ་བྱུང་ནས་༡༩༧༣ གྱི་ལོ་འཇུག་ནས་བཟུང་། ལོ་༢༠ རིང་དུ་ལ་དྭགས་བསོད་ནམས་གླིང་གི་དགེ་རྒན་དང་། དེ་ནས་ལོ་༥ ཡི་རིང་ལ་སློབ་གྲྭ་དེར་འགན་འཛིན་བྱས། ༡༩༩༩ ལོར་རྒྱ་གར་ལྷོ་ཕྱོགས་སུ་སྦེལ་ཀོབ་བོད་ཁྱིམ་གྱི་འགན་འཛིན་ལོ་༨ དང་། ཕྱི་ལོ་༢༠༠༧ ནས་༢༠༡༣ བར་དུ་ལོ་༦ གི་རིང་ལ་སྦིར་སུ་ཇཱ་བོད་ཁྱིམ་གྱི་འགན་འཛིན་དང་། ༢༠༡༣ ནས་དྷ་སྟེང་བོད་ཁྱིམ་དུ་ལོ་༤ མ་ཟིན་ཙམ་ལ་ལས་ཀ་བྱེད་རྒྱུའི་གོ་སྐབས་བྱུང་།
དྲི་བ། ཁྱེད་ཀྱིས་ལོ་ངོ་༤༠ ལྷག་གི་རིང་ལ་ཕྱག་ལས་རབ་དང་རིམ་པ་གནང་ཡོད་པ་དེ་དག་ལ། ད་ལྟ་ཕྱིར་བལྟས་ཤིག་གནང་དུས་སེམས་ཚོར་གང་འདྲ་ཡོང་གི་འདུག
ལན། སེམས་ཚོར་ཆེ་ཤོས་དེ་མི་ཚེ་དོན་དང་ལྡན་པ་ཞིག་བྱུང་སོང་བསམ་གྱི་འདུག གང་ཡིན་ཟེར་ན། སྔ་མོ་བོད་ལ་མུ་མཐུད་གནས་ཡོད་ན་སློབ་སྦྱོང་གི་གོ་སྐབས་དང་། ད་ལྟ་ནང་བཞིན་སྤྱི་ཚོགས་ཀྱི་ལས་ཀའི་གོ་སྐབས་ཏན་ཏན་བྱུང་ཡོད་ཀྱི་མ་རེད་བསམ་གྱི་འདུག ད་ལྟའི་ཆ་ལ་ལོ་༤༢ ཙམ་ལ་ལས་ཀ་བྱ་རྒྱུ་བྱུང་བ་དེ་གཙོ་བོ་༧རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་དང་། ཡང་སྒོས་ལྷ་ལྕམ་རྗེ་བཙུན་པདྨ་ཁོང་རྣམ་པས་གོ་སྐབས་གནང་བ་ལ་བརྟེན་ནས་དུས་ཚོད་ཧ་ཅང་བཟང་པོ་བྱུང་སོང་བསམ་གྱི་འདུག ད་ཡིན་ན་ཡང་། སྔོན་མ་༡༩༦༠ དང་༡༩༨༠ དང་། དེ་ནས་མར་༢༠༠༠ གཡས་གཡོན་ལ་མར་བལྟས་ན་སྤྱི་ཚོགས་དང་། སློབ་གྲྭ་ཁག་ལ་ཡར་རྒྱས་ཕྱིན་ཡོད་རེད། གོ་སྐབས་མང་པོ་བྱུང་བ་རེད། ཡིན་ན་ཡང་། སྐབས་དེ་དང་ད་ལྟའི་དུས་ཚོད་བསྡུར་བ་ཡིན་ན། དེའི་སྐབས་ཀྱི་ལས་ཀ་བྱེད་མཁན་རྣམས་ལྷག་བསམ་ཆེན་པོ་དང་། སློབ་གཉེར་བྱེད་མཁན་རྣམས་དོ་སྣང་དང་བརྩོན་འགྲུས་ཆེན་པོ། བསམ་བློོ་དང་ལྟ་བའི་འཁྱེར་སོ་ཡང་དག་པ་དེ་འདྲ་ཧ་ཅང་ཡག་པོ་བྱུང་བ་རེད། དེ་སང་འགྱུར་བ་ཆེན་པོ་ཞེ་དྲག་འགྲོ་ཡི་ཡོད་པས་སྔོན་མ་ནང་བཞིན་ཡོང་བ་ཁག་པོ་འདུག རང་བཞིན་ནས་དེ་འདྲ་ཞིག་ཆགས་བསྡད་པ་རེད། ཡིན་ན་ཡང་། ངས་བསམ་བློ་བཏང་དུས་སློབ་གྲྭ་ཁག་ནང་ཕྲུ་གུ་མཉམ་དུ་བསྡད་པ་ཙམ་མ་ཡིན་པར་ལྷག་པར་དུ་ཕ་མ་དང་ཁ་ཐག་རིང་པོར་ཡོད་མཁན་གྱི་ཕྲུ་གུ་ཚོ་དང་མཉམ་དུ་སོ་སོ་ཡང་ཕྲུ་གུའི་ཕ་ཞིག་ཡིན་པའི་ཆ་ནས་དེ་དག་ལ་ལྟ་སྐྱོང་བྱེད་རྒྱུ་ཡག་པོ་རག་ཡོད་རེད། ང་རང་གི་མི་ཚེའི་ནང་ཆོས་བྱས་ཡོད་ན་ཡང་དེ་འདྲའི་ཆོས་གང་བྱེད་ཐུབ་པ་ཡོད་མ་རེད་བསམ་གྱི་འདུག ཕྲུ་གུ་ཚོས་ཀྱང་དེ་བཞིན་དགའ་པོ་བྱས་ནས་མཐོང་ན་མ་མཐོང་མདོག་མདོག་གི་གནས་སྟངས་མིན་པར། ཕར་ངོ་མ་ཤེས་ཀྱང་། ཚུར་ཐུག་ཏུ་སླེབས་ཏེ་སྐད་ཆ་བཤད་ནས་དགའ་པོ་བྱས་ཡོང་དུས། ང་ཚོས་ལས་ཀ་བྱས་པ་དེ་འགྲིག་ཡོད་པའི་ཚོར་བ་བྱུང་། དེ་བཞིན་ཕྲུ་གུ་ཚོའི་བདེ་དོན་གྱི་ཐོག་ལ་བུ་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་དབུ་འཛིན་ལྷ་སྐུ་རྗེ་བཙུན་པདྨ་གཙོས་པས་ཚང་མར་ཞུས་ནས་ང་ཚོའི་ལས་ཀ་ལ་རྒྱབ་སྐྱོར་དང་དེ་འདྲ་ཡང་དག་པ་གནང་བའི་བཀའ་དྲིན་ལ་བརྟེན་ནས་ལས་ཀ་བྱེད་ས་གང་ཡིན་ནའང་། ཕྲུ་གུ་ཚོའི་ཞལ་ལག་དང་། འཕྲོད་བསྟེན་སོགས་ཀྱི་ཐོག་ལ་མཐུན་སྦྱོར་བྱས་མ་ཐུབ་ནས་དཀའ་ངལ་བྱུང་སོང་བསམ་པ་དེ་འདྲ་རྩ་བ་ནས་མེད་ཞུ་རྒྱུ་ཡིན། དེ་བཞིན་ཤེས་ཡོན་གྱི་ཆ་ནས་ཀྱང་། ཤེས་ཡོན་ཉམས་གུད་ཕྱིན་སོང་ཟེར་བ་ལྟ་བུ་ཡོང་གི་རེད་དེ། དེ་འདྲ་གང་ཡང་མ་རེད་བསམ་གྱི་འདུག སློབ་སྦྱོང་བྱེད་མཁན་ཞིག་གི་འདུན་པ་ཡོད་པ་ནང་བཞིན་སློབ་གྲྭ་ཁག་འགྲིམས་ནས་ད་ལྟ་བོད་མིའི་སྒྲིག་འཛུགས་ནང་ལ་ཞབས་ཞུ་གནང་མཁན་མང་ཐག་ཆོད་ཅིག་ཡོད་རེད། སློབ་སྦྱོང་བྱས་ནས་ཚང་མ་བོད་མིའི་སྒྲིག་འཛུགས་ཆུང་ཆུང་ནང་འཛུལ་ཞུགས་བྱེད་ཐུབ་ཀྱི་མ་རེད་དེ། ཚོང་ལས་སོགས་གཉེར་ནས་གང་ལྟར་རང་མགོ་ཐོན་ཡོད་རེད། དེ་འདྲ་ཡིན་དུས་ང་རང་གི་བསམ་པའི་ནང་ལ་ལོ་༤༢ ཙམ་གྱི་རིང་ལ་ལས་ཀ་བྱེད་རྒྱུ་བྱུང་བ་དེ་སྐྱིད་པོ་བྱུང་སོང་དྲན་གྱི་འདུག་ལ། དེ་དག་ཚང་མ་ནི་ང་ཚོའི་རྒྱབ་ལ་༧སྐྱབས་མགོན་རིན་པོ་ཆེའི་བྱིན་རླབས་དང་། བཀའ་སློབ། ཐུགས་སྨོན་སོགས་ཡོད་པ་ལ་བརྟེན་ནས་རེད་བསམ་གྱི་འདུག དེ་བཞིན་ང་ཚོ་བོད་ཕྲུག་ཁྱིམ་སྡེ་ལ་ཆ་མཚོན་ན། ཨ་མ་རྗེ་བཙུན་པདྨ་ལགས་ཀྱིས་མི་ཚེ་ཧྲིལ་པོ་ཆ་ཚང་ཞིག་བུ་ཕྲུག་ཉམ་ཐག་ཁོ་ནའི་ཆེད་དུ་བཏང་བ་རེད། དུས་ད་ལྟའང་ཁོང་དང་ང་ཚོ་འབྲལ་ཐབས་མེད་པ་ཞིག་རེད། བོད་ཕྲུག་ཁྱིམ་སྡེ་ཟེར་ན་ཨ་མ་རྗེ་བཙུན་པདྨ་ཆགས་བསྡད་ཡོད་རེད། ཨ་མ་རྗེ་བཙུན་པདྨ་ཟེར་ན་བོད་ཕྲུག་ཁྱིམ་སྡེ་རང་བཞིན་གྱིས་སླེབས་བསྡད་པ་ཞིག་ཡིན་དུས། ད་དུང་ཡང་ནམ་ཞིག་བར་དུ་བོད་ཕྲུག་ཁྱིམ་སྡེ་སྤྱི་ཚོགས་ནང་གནས་པ་དེའི་བར་དུ་དེ་དག་གོང་ནས་གོང་དུ་འཕེལ་གྱི་རེད་བསམ་གྱི་འདུག
དྲི་བ། ད་ལྟའི་ཆར་བོད་ཁྱིམ་སློབ་གྲྭ་ཁག་ནང་ཕྱིའི་འཛུགས་སྐྲུན་སོགས་ཀྱི་ཐད་ནས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཀྱང་། སློབ་མ་ཉུང་དུ་སོང་བས་མཚོན་པའི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་སྟབས། མ་འོངས་པར་བོད་ཁྱིམ་སློབ་གྲྭ་ཁག་གིས་གདོང་ལེན་བྱེད་དགོས་པ་དང་། ཉེན་ཁ། ཡང་ན་ཡར་རྒྱས་གཏོང་དགོས་པའི་གནད་དོན་ག་རེ་གཟིགས་ཀྱི་འདུག
ལན། ངས་དྲང་པོ་ཞུས་ན་ཕྲུ་གུ་ཚོའི་སློབ་སྦྱོང་ལྟ་བུ་ཞིག་ལ་མཚོན་ན། ང་དེ་སྔོན་སུ་ཇཱ་སློབ་གྲྭར་ལོ་༦ བསྡད་པ་རེད། སྐབས་དེ་དུས་སུ་ཇཱ་སློབ་གྲྭའི་སློབ་མ་བརྒྱ་ཆ་༩༥ ཙམ་ཞིག་བོད་ནས་ཕེབས་པ་ཤ་སྟག་རེད། བོད་ནས་ཕེབས་པའི་ཕྲུ་གུ་དེ་ཚོར་སློབ་སྦྱོང་བྱེད་རྒྱུ་ལ་དོ་སྣང་ཆེན་པོ་རེད། སོ་སོ་ལོ་ཚོད་ག་ཚོད་སླེབས་ཀྱི་ཡོད་ན་ཡང་། སྐད་ཡིག་སྦྱོང་བ་སོགས་སློབ་སྦྱོང་བྱེད་རྒྱུ་ལ་བློ་འགྱོད་མེད་པ་དང་། ཕྲུ་གུ་ཚོའི་མཉམ་དུ་འདྲ་འདྲ་བྱས་ནས་སྦྱོང་གི་རེད། ལྷག་པར་དུ་ང་༢༠༠༧ ལོར་སུ་ཇཱ་སློབ་གྲྭར་སླེབས་སྐབས་ཕྲུ་གུ་ཚོ་ཞོགས་པ་ཆུ་ཚོད་༤ པ་དང་༥ པའི་སྔོན་ནས་ཡར་བཞེངས་ནས་རང་སྦྱོང་བྱེད་ཀྱི་རེད། འཛིན་གྲྭའི་ནང་ལ་དགེ་རྒན་ཚོ་ལ་ཡང་དྲི་བ་དྲིས་ནས་དགེ་རྒན་ཚོས་གྲ་སྒྲིག་ཨང་གསར་བྱས་ནས་ཕེབས་དགོས་པ་དེ་འདྲ་བྱུང་ཡོད་རེད། ༢༠༠༨ ནས་བཟུང་བོད་ནས་ཕེབས་མཁན་ཕྲན་བུ་ཉུང་དུ་ཕྱིན་པ་རེད། རྒྱ་གར་བཙན་བྱོལ་ནང་དུ་ཡང་གསར་སྐྱེས་ཕྲུ་གུ་ཉུང་དུ་ཕྱིན། དེ་བཞིན་ཕྱི་ལ་འགྲོ་མཁན་མང་དུ་ཕྱིན་ནས་ཕྲུ་གུའི་གྲངས་འབོར་ཉུང་དུ་འགྲོ་ཡི་ཡོད་རེད། དེ་འདྲ་ཡིན་དུས་ཕྱོགས་གཅིག་ནས་བོད་རིགས་མིན་ཡང་ནང་པ་སངས་རྒྱས་པའི་ཆོས་ལ་སློབ་གཉེར་གནང་མཁན་དང་། བོད་དང་རིག་གཞུང་གཅིག་པ་ཡིན་ཞིང་བོད་པའི་ཆོས་དང་རིག་གཞུང་ལ་སྦྱོང་པ་བྱེད་རྒྱུའི་འདུན་པ་ཡོད་མཁན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ན་གཞོན་རྣམས་ལ་ས་མིག་སྟོང་པ་རྣམས་སྤྲོད་ཀྱི་ཡོད་རེད། ཡང་ཡག་པོ་ཞེ་དྲག་རེད་བསམ་གྱི་འདུག རང་བཙན་ཡོད་པའི་མི་རིགས་དེ་ང་ཚོ་སྐྱབས་བཅོལ་བའི་ནང་ཕེབས། ང་ཚོ་ལ་གཞན་པ་གང་ཡོད་མ་རེད་དེ། ཆོས་དང་རིག་གཞུང་བྱམས་བརྩེ་ལྡན་པ་ཞིག་དང་འདི་ཕྱི་གཉིས་ལ་ཕན་པ་ཞིག་ཡོད་པས། མི་རྒན་རབས་པ་ཚོས་ང་རང་ཚོའི་སློབ་གྲྭ་ནང་སོ་སོའི་ཕྲུ་གུ་གཏོང་གི་ཡོད་རེད། དེ་ཡག་པོ་རེད་བསམ་གྱི་འདུག ད་ཕུགས་ཀྱི་བསམ་བློ་ཞིག་བཏང་ན། ང་ཚོའི་སྤྱི་ཚོགས་འདི་ཡག་པོ་ཆགས་དང་མ་ཆགས་དེ་ད་ལྟའི་ན་གཞོན་ཚོ་ལ་རག་ལས་པས། སློབ་གྲྭ་ཁག་ནང་དགེ་ལས་རྣམས་ཀྱིས་ང་རང་ཚོའི་མི་རིགས་ཀྱི་ཕྲུ་གུ་རྣམས་ལ་ཡང་ནས་ཡང་དུ་སློབ་གསོ་ཡག་པོ་བརྒྱབ། ཕ་མ་ཚོས་ཀྱང་སློབ་གསོ་ཡག་པོ་རྒྱག་རྒྱུ་དེ་གནད་འགག་རེད་འདུག བོད་པ་བོད་པ་རང་དུ་གནས་པ་ཞིག་དང་། བོད་པའི་རིག་གཞུང་བོད་པའི་ལག་ཏུ་བསྡད་དགོས་ཀྱི་ཡོད་ན། བོད་པས་བདག་པོ་རྒྱག་དགོས་རེད། དེ་ཡང་རྒན་རབས་ཚོས་གཞོན་སྐྱེས་ཚོར་ཡག་པོ་ཞིག་མ་བྱས་ན་ལོ་༡༠ ཙམ་ཕྱིན་པའི་རྗེས་ལ་སློབ་གྲྭ་ཁག་གི་གནས་སྟངས་དེ་གང་འདྲ་ཆགས་ཀྱི་རེད་བསམ་ན། ཕྲུ་གུའི་གྲངས་འབོར་ཧ་ཅང་ཉུང་དུ་འགྲོ་ཡི་རེད། ང་ཚོས་ཀྱི་དུས་ཀྱི་འགྱུར་བ་རེད་ཅེས་ཕྲུ་གུའི་འདོད་པ་རང་དང་བསྟུན་ནས་བཞག་ན་ཕྱིའི་རིག་གནས་ཐོག་ནས་སྙན་གྲགས་ཆོད་པ་ཞིག་ཀྱང་མ་བྱུང་། ང་རང་ཚོའི་རིག་གཞུང་ཐོག་ནས་ཀྱང་མ་བྱུང་། གང་ཡང་མེད་པ་ཆགས་སྲིད་ཀྱི་རེད་བསམ་གྱི་འདུག ཕྱི་ལོགས་ཀྱི་རིག་གནས་ལ་སྦྱངས་ནས་འཛམ་གླིང་ནང་གི་མཁས་པ་ཚོ་དང་དཔུང་པ་བཤིབ་ནས་འགྲོ་མཁན་བྱུང་ན་ཁྱད་པར་གང་ཡོད་མ་རེད་བསམ་གྱི་འདུག ཡང་ན་བོད་པའི་ཆོས་དང་རིག་གཞུང་ཐོག་སྦྱོང་པ་མཐར་སོན་མཁན་དེ་འདྲ་བྱུང་ན་དེང་སང་འཛམ་བུ་གླིང་ནང་ལ་སྤྱིར་ནང་པའི་ཆོས་དང་རིག་གཞུང་། ལྷག་པར་བོད་ཀྱི་ནང་པའི་ཆོས་དང་རིག་གཞུང་ལ་དཔྱད་པ་བྱེད་མཁན་དང་སྦྱོང་པ་བྱེད་མཁན་མང་པོ་ཞིག་ཡོད་སྟབས་ཏན་ཏན་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་གྱི་འདུག ངས་བརྒྱུད་ལམ་འདི་བརྒྱུད་ནས་ཞུ་རྒྱུར་ང་ཚོའི་མི་རབས་གཞོན་པ་རྣམས་ཡག་པོ་ཆགས་པར་རྒན་རབས་ཚོ་ལ་འགན་ཆེན་པོ་འདུག དཔེར་ན་སློབ་གྲྭའི་ནང་མཚོན་ན་དགེ་ལས་ཚོས་དགོངས་པ་བཞེས་སྟངས་དེ་འགྱུར་བ་བཏང་ནས་ད་བོད་ཆོས་སྲིད་ལ་ཐུག་བསྡད་ཡོད་རེད་ཅེས་༧རྒྱལ་བ་རིན་པོ་ཆེ་ནས་བཀའ་ཕེབས་ཀྱི་ཡོད་ཙང་། ད་ལྟའི་ན་གཞོན་རྣམས་གནད་འགག་ཆེན་པོ་ཞེ་དྲག་ཆགས་ཡོད་རེད། ཕ་མ་ཚོ་ཡིན་ན་ཡང་དཔལ་འབྱོར་ལ་རྟག་བརྟན་མེད་དུས་གཞོན་སྐྱེས་ཚོར་སློབ་སྦྱོང་ཡག་པོ་ཞིག་བྱུང་ན། སློབ་སྦྱོང་བྱེད་མཁན་གྱི་མིའི་དགོངས་པ་བཞེས་སྟངས་དང་། སྤྱི་ཚོགས་ན་སླེབས་དུས་ཕྱོགས་གང་ཅིའི་ཐད་ནས་མ་འདྲ་བ་ཞིག་ཏན་ཏན་ཐོན་ཡོང་གི་རེད། ལྷག་པར་དུ་ང་རང་ཚོའི་ཆོས་དང་རིག་གཞུང་ལ་སུས་སློབ་གཉེར་གནང་ན་འགྲིག་གི་རེད་དེ། མ་འོངས་པར་ཧི་མ་ལ་ཡའི་རི་རྒྱུད་ནང་ནས་ནང་ཆོས་དང་བོད་ཀྱི་རིག་གཞུང་ལ་མཁས་པ་ཤ་སྟག་ཐོན། ང་རང་ཚོ་བོད་རིགས་ན་གཞོན་ཚོའི་ནང་ལ་དེ་མེད་པ་ཆགས་ན། མ་འོངས་པར་བོད་གཞིས་བྱེས་གཉིས་འཛོམས་པའི་སྐབས་སུ་ང་ཚོ་ནང་པའི་ཆོས་འཚོལ་དུ་གཞན་དག་ཏུ་འགྲོ་དགོས་བྱུང་ན་ཏོག་ཙ་འཕྱི་དྲགས་ཀྱི་རེད་བསམ་གྱི་འདུག དེ་ཉེན་ཁ་ཞིག་རེད་དྲན་གྱི་འདུག་ལ་དེའི་ཐོག་ཤུགས་སྣོན་རྒྱག་དགོས་ཀྱི་འདུག་དྲན་གྱི་འདུག
དྲི་བ། ཁྱེད་ཀྱི་དགོངས་ཚུལ་ལྟར་ན་ད་བར་བཙན་བྱོལ་གཞུང་དང་། བོད་ཁྱིམ་སློབ་གྲྭ་གཉིས་ཀྱིས་བོད་ཕྱི་ནང་གཉིས་ཀྱི་ཐོག་ལ་གྲུབ་འབྲས་ཆེ་ཤོས་ག་རེ་ཐོན་ཡོད་རེད་དགོངས་ཀྱི་འདུག
ལན། སྔ་མོ་བཙན་བྱོལ་དུ་ཐོག་མར་འབྱོར་སྐབས་བོད་ཕྱི་ནང་གཉིས་བར་ན་རྒྱུས་ལོན་ཐུབ་ཀྱི་ཡོད་མ་རེད། སྒོ་བརྒྱབས་ཡོད་རེད། བོད་ནང་གི་མིས་བཙན་བྱོལ་གྱི་གནས་སྟངས་ཞན་པོ་དང་། ཤིང་ནགས་དཀྱིལ་ལ་བསྡད་ནས་ངལ་རྩོལ་བྱས་པ། གང་ལྟར་གནས་སྟངས་ཧ་ཅང་གི་སྐྱོ་པོ་ཡིན་པ་གོ་ཡོད་རེད། རྒྱ་གར་ནང་ཡོད་མཁན་ཚོས་བོད་ནང་ལ་འགྱུར་བ་གང་འགྲོ་མིན་མིས་ལབ་པ་ཙམ་ལས་སོ་སོས་ཤེས་ཐུབ་ཀྱི་ཡོད་མ་རེད། ད་ལྟའི་ཆར་ང་ཚོ་རྒྱ་བོད་གཉིས་ཕན་ཚུན་ཞི་མོལ་འགོ་འཛུགས་བྱས་ནས་བཟུང་། བོད་ནང་ལ་ཕར་ཕེབས་མཁན་མང་པོ་ཡོང་གི་ཡོད་རེད། ཚུར་འབྱོར་མཁན་མང་པོ་ཡོད་རེད། བོད་ནང་ལ་ཡོད་མཁན་ཚོས་འདིའི་ཕྱོགས་ཀྱི་གནས་ཚུལ་བཟང་བ་རྣམས་ཀྱང་རྟོགས་ཐུབ་ཀྱི་ཡོད་རེད་ལ། ཕྲན་བུ་ཞན་པ་ག་རེ་ཡིན་ན་ཡང་རྟོགས་ཐུབ་པ་བྱུང་ཡོད་རེད། དེ་བཞིན་རྒྱ་གར་ལྷོ་ཕྱོགས་སོགས་ཀྱི་ཆོས་སྡེ་ཁག་ནང་གི་སློབ་གཉེར་གནང་མཁན་བརྒྱ་ཆ་༩༠ བོད་ནས་ཕེབས་པ་ཤ་སྟག་རེད་བསམ་གྱི་འདུག ཁོང་རྣམས་ཕེབས་པ་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་མི་ཉམས་རྒྱུན་འཛིན་བྱེད་པར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་རེད་དྲན་གྱི་འདུག དེ་བཞིན་འདི་ནས་སློབ་གཉེར་ཚར་མཁན་རྣམས་བོད་དུ་ཕེབས་ནས་བོད་ཀྱི་དགོན་སྡེ་ཁག་ནས་རྒྱ་ཆེ་ས་ནས་བཤད་གྲྭ་འཛུགས་པ་དང་། ཆུང་ས་ནས་ནང་ཆོས་ངོ་སྤྲོད་ལས་མ་བྱུང་ན་མ་ཤེས་པ་ཤེས་པ་བྱེད་རྒྱུ། དེ་བཞིན་རྒྱ་གར་ནས་སློབ་སྦྱོང་ཚད་ལོན་པ་བྱས་ནས་བོད་ནང་དུ་དགེ་རྒན་དང་། སྨན་པ། སྨན་ཞབས་སོགས་བྱེད་མཁན་མང་པོ་ཡོད་རེད། དེ་ལྟར་མིན་པ་ཡིན་ན་ཡང་སོ་སོ་སོ་སོའི་རྐང་པ་སྒང་ལ་ལངས་ནས་ཚོང་ལས་གཉེར་མཁན་དང་ཉམ་ཐག་ལ་རོགས་སྐྱོར་བྱེད་མཁན་དེ་འདྲ་བྱུང་ཡོད་རེད། གལ་སྲིད་སྔོན་མ་འབྲེལ་བ་དེ་བྱུང་མེད་ན་ད་ལྟ་ཕར་ཚུར་བལྟས་ནས་བསྡད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་ཀྱི་རེད་བསམ་གྱི་འདུག ང་སུ་ཇཱ་ལ་ལོ་༦ ཙམ་བསྡད་པའི་སྐབས་སུ་ཕྲུ་གུ་རྣམས་བརྒྱུད་ནས་བོད་ཀྱི་གནས་སྟངས་ལ་ཤེས་རྟོགས་བྱུང་ཡོད་རེད། ཕྲུ་གུ་དེ་དག་བོད་ནས་ཡོང་དོན་ཡང་ནང་ལ་ཟས་གོས་མེད་པ་དང་འ་ཆད་འུ་ཐུག་བྱས་ནས་ཡོང་བ་མིན་པར། རྒྱ་མཚོའི་ཕ་རོལ་ལ་ནོར་བུ་ལེན་ག་འགྲོ་བ་ནང་བཞིན་བྱས་ནས་༧སྐྱབས་མགོན་རིན་པོ་ཆེ་མཇལ། དེང་དུས་ཀྱི་རིག་གནས་དང་ལྷག་པར་དུ་བོད་ཀྱི་ནང་པའི་ཆོས་ཀྱི་སྐོར་ལ་སྦྱོང་དུ་ཕེབས་མཁན་རེད། ཕ་མ་ཚོ་ཡང་སོ་སོའི་ཕྲུ་གུ་ལ་ཤ་ཚ་ཡ་ང་མེད་པ་གཅིག་ཀྱང་ཡོད་མ་རེད་དེ། ཕ་མ་ཚོས་ཀྱང་བཏང་ན་སླེབས་པ་རེད། ད་ལྟ་བལྟས་ན་དེང་སང་བོད་ནས་ཕེབས་པའི་ན་གཞོན་ལྷག་པར་དུ་བོད་ཁྱིམ་དང་མ་སུ་རི། ཤེས་རབ་དགའ་ཚལ་སློབ་གླིང་སོགས་སློབ་གྲྭ་ཁག་ནས་སློབ་སྦྱོང་བྱས་ཏེ་སྤྱི་ཚོགས་ནང་ཞབས་ཞུ་གནང་མཁན་མང་དག་རེད། མ་འོངས་པར་དེ་འདྲ་ཡོང་གི་རེད་བསམ་གྱི་འདུག ད་དུང་དེ་ལས་རྒྱ་ཆེ་ས་ནས་བཤད་ན་བོད་ཀྱི་རྩ་དོན་ཐོག་ཕྱོགས་གང་ས་གང་ནས་ནུས་ཤུགས་སྤུང་གི་ཡོད་དུས། ང་ཚོ་བོད་གཞིས་བྱེས་གཉིས་ཕན་ཚུན་འབྲེལ་བ་བྱུང་ནས་ཕན་ཐོགས་ཏན་ཏན་ཆེན་པོ་བྱུང་འདུག་བསམ་གྱི་འདུག ང་ཚོའི་ཕྲུ་གུ་སྒེར་ལ་མཚོན་ན་རེ་ཞིག་ཕ་མ་བོད་ནང་ཡོད། ཕྲུ་གུ་འདིར་ཡོད་ནས་ཐུག་ཐུབ་ཀྱི་ཡོད་མ་རེད་དེ། རྒྱ་ཆེ་ས་ནས་བསམ་བློ་བཏང་ན་འབྲེལ་བ་བྱུང་ནས་ཡར་འགྲོ་མར་འགྲོ་བྱུང་བ་དེས་བོད་ལ་དགའ་མཁན་ཚོ་དགའ་བ་སྐྱེ་གཞི་དང་། མི་དགའ་མཁན་རྒྱ་མི་ལྟ་བུར་མཚོན་ན་ཡར་འགྲོ་མར་འགྲོ་བྱུང་བའི་གནས་སྟངས་དེ་ཡག་པོ་བྱུང་མི་འདུག་བསམ་ནས་ཁོང་ཁྲོ་ཟ་དགོས་པ་དེ་འདྲ་ཆགས་ཡོད་རེད་དྲན་གྱི་འདུག དེ་དག་བོད་ཕྱི་ནང་གཉིས་ཀྱི་ཐོག་ཐོན་པའི་གྲུབ་འབྲས་རེད་བསམ་གྱི་འདུག
དྲི་བ། ཁྱེད་ཀྱིས་སློབ་གྲྭ་ཁག་ནང་དབུ་འཛིན་གནང་སྐབས་ཁ་ལག་ཡར་རྒྱས་བཏང་སོང་ཟེར་བ་དང་། འཕྲོད་བསྟེན་ཐོག་ལ་ལྟ་སྐྱོང་ཐོག་ཤུགས་བརྒྱབ་སོང་ཟེར་མཁན་གྱི་བོད་ཁྱིམ་གྱི་སློབ་ཟུར་མང་པོ་ཡོད་རེད། ཁྱེད་ཀྱི་ངོས་ནས་རྒྱུ་མཚན་དང་ཀུན་སློང་ག་འདྲ་ཞིག་འཁྱེར་ནས་དེ་ཚོའི་ཐོག་ཤུགས་སྣོན་བྱས་པ་ཡིན།
ལན། ད་དེ་ང་ཚོའི་ཕྲུ་གུ་ཚོར་ཞལ་ལག་ཡག་པོ་མ་ཕུལ་ན་འཕྲོད་བསྟེན་ཡག་པོ་ཡོང་གི་མ་རེད། འཕྲོད་བསྟེན་མ་བྱུང་ན་ཀླད་པའི་ཐོག་ནས་སློབ་སྦྱོང་བྱེད་དགོས་དུས་ཏན་ཏན་དཀའ་ལས་ཆགས་ཀྱི་ཡོད་རེད། ཟས་བཅུད་ཡག་པོ་དགོས་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་རེད། དེ་འདྲ་ཞིག་མེད་ན་ཏན་ཏན་ཁག་པོ་རེད། ཕ་མ་ཐག་ཉེ་པོ་ཡོད་མཁན་ཚོས་སོ་སོའི་ཕྲུ་གུར་ཁ་ལག་གང་ཡག་སྤྲོད་ཀྱི་ཡོད་ངེས་རེད། ལས་བྱེད་ཅིག་ཡིན་ན་སོ་སོའི་ཕྲུ་གུར་འོ་མ་དང་ཤིང་ཏོག་སྤྲད་ཀྱི་ཡོད་ཀྱི་རེད། ཡིན་ན་ཡང་། ང་ཚོ་སྤྱི་པའི་ལྟ་རྟོགས་བྱེད་མཁན་ཚོས་ཕྲུ་གུ་དེ་ཚོ་ལ་ཞལ་ལག་ཡག་པོ་ཞིག་མ་བྱུང་ན་ཕ་མ་ཚོས་ང་ཚོར་ཡིད་ཆེས་བློ་འཁེལ་བྱས་པ་དེ་ལ་རྩ་བ་ཉིད་ནས་འགྲིག་མ་རེད་བསམ་ནས། དེའི་འགྲོ་སོང་དང་དེ་འདྲའི་ཐོག་ལ་བོད་ཕྲུག་ཁྱིམ་སྡེའི་དབུ་འཛིན་ལྷ་ལྕམ་རྗེ་བཙུན་པདྨ་ལ་ཆ་མཚོན་ན་ཧ་ཅང་དགོངས་པ་ཆེན་པོ་བཞེས་མཁན་རེད། དེ་འདྲའི་ཐོག་ལ་མ་འགྲིག་པ་རེད་གསུང་གི་མ་རེད་བསམ། དེ་བཞིན་དབུ་འཛིན་རིམ་བྱོན་ཚོར་བཀའ་འཁྲོལ་ཞུས་པར་བཀའ་འཁྲོལ་གནང་གི་ཡོད་རེད། ང་ལ་དྭགས་ལ་རྒྱུན་རིང་པོ་བསྡད་པ་རེད། དེ་རྗེས་བྷེལ་ཀོབ་ལ་ཕྱིན་དུས་ཞལ་ལག་དེ་ཚོར་བསྒྱུར་བཅོས་ག་རེ་གཏོང་དགོས་འདུག་ཕན་ཚུན་གྲོས་བསྡུར་བྱས། ཁྱིམ་ཚང་ལ་སོང་ནས་ཕྲུ་གུ་ཚོ་མཉམ་དུ་བསྡད་ནས་ཁ་ལག་བཟོ་མཁན་ཚོས་ཡག་པོ་བཟོས་ཡོད་མིན་བལྟ་རྒྱུའི་གོ་སྐབས་བྱུང་། རྗེས་སུ་སུ་ཇཱ་ལ་འབྱོར་དུས་གློ་ནད་ན་མཁན་སློབ་ཕྲུག་༢༥ ནས་༣༠ བར་འདུག དེ་དུས་སྨན་པ་རྣམས་ལ་བཀའ་མོལ་ཞུས་དུས་སྨན་གཅིག་པུས་ཁག་པོ་རེད། ཞལ་ལག་ཡག་པོ་གཏོང་དགོས་རེད་གསུངས་བྱུང་། མ་ཟད་ཕྲུ་གུ་ཚོ་བོད་ནས་ཕེབས་པ་ཡིན་ཙང་གསོལ་ཀྲུམ་ལ་མཉེས་པོ་ཡོད་དུས་དེ་འདྲ་ཕུལ། སྨན་དུས་ཐོག་ལ་ཕུལ། སྨན་བཅོས་བྱས། རིམ་པས་རིམ་པས་ན་ཚ་དེའི་བཟོ་འདྲ་མེད་པ་ཆགས། ང་ཚོར་གང་ཡོད་པ་དེ་གང་ཡག་ཡག་ཏག་ཕུལ་ཐབས་ཞུས་པ་རེད། སུ་ཇཱ་ལ་བསྡད་སྐབས་ལས་བྱེད་ཚོས་ཀྱང་རྒྱབ་སྐྱོར་ཧ་ཅང་ཆེན་པོ་རེད། ཚང་མ་མཉམ་ལས་བྱས་པ་རེད། དེ་ག་ནང་བཞིན་དྷ་སྟེང་བོད་ཁྱིམ་ལ་ཡང་དེ་ཞུས་པ་ཡིན། ཕྲུ་གུ་ཚོར་ན་ཚ་བྱུང་དུས་སྨན་པ་བསྟེན་གཏུག་དང་། ཞབས་རིམ་སོགས་གང་དྲག་ཅི་དྲག་བྱས་དགོས་རེད་བསམ་པ་ལྟར་བྱེད་རྒྱུའི་གོ་སྐབས་བཟང་པོ་ཞེ་དྲག་རག་སོང་། རང་ཉིད་འགན་འཛིན་ཡིན་ཟེར་ནས་སྤམ་པོ་བྱས་ནས་བསྡད་མ་བཞག་པར་ཕྲུ་གུ་ཚོ་ལ་མར་བབ་ནས་ག་རེ་བྱེད་རྒྱུ་འདུག་བལྟས་ཡིན། ལྷག་པར་དུ་སུ་ཇཱ་ལ་ལོ་༦ རིང་བསྡད་སྐབས་འཛུགས་སྐྲུན་བྱས་ན་གང་བྱས་བྱས་ལྟ་བུ་ཕྱི་རྒྱལ་མིས་རོགས་པ་བྱས་སོང་། སློབ་ཕྲུག་ཚོ་ཡང་ཧ་ཅང་ཡག་པོ་དང་བསམ་བློ་གཏིང་ཟབ་པོ་བཞེས་མཁན་ཡོད་རེད། ད་ང་འཇིག་རྟེན་འདི་བཞག་ནས་འགྲོ་དུས་སྦྱིན་པ་གཏོང་བ་དང་། དགེ་འདུན་ལ་བསྙེན་བཀུར་བྱས་ནས་གང་བྱུང་མ་སོང་ཏེ། སློབ་གྲྭ་ཁག་ནས་ཕྲུ་གུ་སྟོང་ཚོ་མང་པོའི་བདེ་སྡུག་ལ་གང་ཐུབ་ཐུབ་བྱེད་རྒྱུའི་གོ་སྐབས་བྱུང་བ་དེར། མི་ཟེར་བ་དེ་ཧམ་པ་ཆེན་པོ་ཡིན་དུས་བརྒྱ་ཆ་བརྒྱ་ནས་བརྒྱ་ཞུ་ཐུབ་ཀྱི་མ་རེད་དེ་གང་ལ་གང་འཚམས་འདོད་པ་ཁེངས་པ་འདྲ་པོ་བྱུང་ཞུ་རྒྱུ་ཡིན།
དྲི་བ། ད་བར་ཁྱེད་ཀྱིས་ཕྱག་ལས་གནང་བའི་བརྒྱུད་རིམ་གྱི་ཁྲོད་ནས་འབྲེལ་ལམ་གྱིས་མཚོན་པའི་སློབ་གྲྭའི་འཛིན་སྐྱོང་ཐད་འཇོན་པོ་མཐོང་མཁན་མང་པོ་རེད། ད་ལྟ་སློབ་ཟུར་ཚོའི་ནང་ནས་ཀྱང་རྒན་ལགས་བགྲེས་ཡོལ་ཕེབས་པའི་སྐོར་དོགས་པ་ཡོད་མཁན་མང་དག་ཅིག་འདུག དེས་ན་རྒན་ལགས་ཀྱིས་དེའི་སྐོར་གསལ་བཤད་གཅིག་གནང་ན་འགྲིག་གམ།
ལན། ང་ཚོའི་སྒྲིག་གཞི་ནང་ལོ་༦༠ ཟིན་དུས་རྒན་ཡོལ་ཞུ་དགོས་ཀྱི་ཡོད་རེད། གཉིས་ནས་ང་སེམས་པ་ཆུང་ཆུང་ཡིན་དུས་གོང་རིམ་ཚོས་ང་ཚོར་ག་རེ་དགོངས་ཀྱི་ཡོད་ན་དྲན་སོང་། ང་ནི་ཡང་ག་པར་ཡིན་ན་ཡང་ཁ་ཐུག་བཤད་དགོས་མཁན་ཞིག་ཡིན། ཁ་ཐུག་བཤད་ཀྱི་ཡོད། དྲན་པ་ཆ་ཚང་དྲང་པོ་བཤད་ཀྱི་ཡོད། དེང་སང་མི་སུ་འདྲ་ཞིག་ཡིན་ན་ཡང་ཁ་ཐུག་བཤད་དུས་ཕྲན་བུ་མི་དགའ་མཁན་མང་བ་ཡོང་གི་ཡོད་པ་དེ་རང་བཞིན་འདྲ་པོ་རེད། ཡིན་ན་ཡང་ང་རང་གི་དོགས་པར་ཆ་བཞག་ནས་བཤད་ན་གོང་རིམ་གྱི་དབུ་འཛིན་ཚོས་ཀྱང་དངོས་གྲུབ་དབང་འདུས་ཀྱིས་བྱས་མ་སོང་བསམ་པ་ཐུགས་ལ་དགོངས་ཀྱི་ཡོད་སྲིད་པ་རེད། ང་རང་གིས་བལྟས་ན་བཀའ་ལ་མ་བརྩིས་པ་འདྲ་པོ་དེ་འདྲ་གང་ཡང་བྱས་མེད། ད་ང་རང་གིས་དེ་འདྲ་བྱས་ནས་དགོངས་པ་ཞུས་པ་ཡིན། རང་གི་ཕྲུ་གུ་ཚོས་ཀྱང་པ་ལགས་ཁྱེད་རང་ད་བསྡད་ན་ཏག་ཏག་རེད་ཟེར། ང་རང་གིས་བསམ་པ་ལ་གཞོན་སྐྱེས་ནང་ལ་ངས་ཀྱང་དེ་བྱེད་ཐུབ་ས་རེད། ཕ་གིའི་བྱེད་ཐུབ་ས་རེད་ཟེར་མཁན་དེ་འདྲ་མེད་ན་བསམ་བསམ་རེད། དེ་འདྲ་ཡིན་ན་སུས་བྱས་ན་འགྲིག་གི་རེད་བསམ་བསམ་གཅིག་བྱུང་། དེ་བཞིན་ལས་བྱེད་དང་ཕྲུ་གུ་ཚོར་ཡང་དེ་དག་ཞུས་པ་ཡིན། ལྷག་པར་དུ་བོད་ཁྱིམ་གྱི་སྤྱི་ཁྱབ་རྣམ་པ་ཚོ་ལ་ཡང་ཞུས་ཡིན། ང་རང་ཚོ་ཡིན་ན་བོད་ཕྲུག་ཁྱིམ་སྡེའི་འོག་ལ་སོ་སོའི་མི་ཚེ་ཧྲིལ་པོ་བསྐྱལ། མ་ཟད་ཕྲུ་གུ་ཚོར་ཡང་ཤེས་ཡོན་གྱི་གོ་སྐབས་རག ཧ་ཅང་བཀའ་དྲིན་ཆེན་པོ་རེད། ད་དཔལ་འབྱོར་གྱི་ཆ་ནས་ཞབས་ཞུ་གང་བསྒྲུབ་ཐུབ་ཀྱི་མ་རེད་དེ། ལུས་ངག་ཡིད་གསུམ་གྱིས་ང་ཚོས་ཕན་པ་དང་འགྲུབ་པ་ཞིག་ཡོད་ན་གང་ཐུབ་ཅི་ཐུབ་ཀྱིས་བོད་ཕྲུག་ཁྱིམ་སྡེ་ལ་མ་ཞུས་ན་ག་པར་ཞུ་བྱས་ནས་ཞུ་རྒྱུ་བྱུང་། དེ་བཞིན་ཕྱི་ཟླ་གསུམ་པའི་ཚེས་༢༤ ལ་༧རྒྱལ་བ་རིན་པོ་ཆེ་མཇལ་རྒྱུའི་གོ་སྐབས་བྱུང་ནས་ང་རང་གིས་ད་བར་ལོ་༤༢ ཙམ་ལ་ལས་ཀ་བྱས་པ་དེའི་ཐོག་ནས་སྤྱི་ཚོགས་ཞབས་ཞུའི་ཆོད་གན་ཟེར་ནས་ཤོག་གྲངས་༤༥ ཞིག་ཕུལ་རྒྱུ་བྱུང་སོང་། དེའི་ནང་ལ་ཐོག་མར་ཉམ་ཐག་ཐོག་བོད་ནས་༦༣ ལོར་ཡོང་བ་ནས་བཟུང་། ཡིད་བཞིན་ནོར་བུའི་ཐུགས་རྗེ་བཀའ་དྲིན་ལས་ཚང་མ་དེ་འདྲ་ཞིག་རག་པ་དེར་བཀའ་དྲིན་ཆེ་ཞུ་དང་། ལྷ་ལྕམ་རྗེ་བཙུན་པདྨ་རེད། དེ་བཞིན་རིམ་པས་ཁོང་རྣམ་པ་ཚང་མའི་བཀའ་དྲིན་ལས་གང་བྱུང་བ་རྣམས་ལ་བཀའ་དྲིན་ཆེ་ཞུ་དང་། ང་རང་གི་ལས་ཀ་བྱེད་རིང་ལ་སྐྱིད་ཤོས་བྱུང་བ་དཔེར་ན་སུ་ཇཱའི་སློབ་ཟུར་༢༠༡༣ ལོར་འཛིན་རིམ་༡༢ དྷ་སྟེང་བོད་ཁྱིམ་ནས་ཐོན་པའི་བུ་མོ་ནམ་རྒྱུན་ནས་གཉོམ་ཆུང་དང་ཁ་དེ་ཙམ་མི་གྲགས་མཁན་ཞིག་གིས་ང་ལ་ཡི་གེ་ཤོག་ངོས་༥ ཞིག་གནང་བའི་ནང་། སུ་ཇཱ་ལ་དང་པོ་སླེབས་སྐབས་ངས་ཕྲུ་གུ་གསར་དུ་ཕེབས་མཁན་ཚང་མར་ནམ་རྒྱུན་ནས་འཚམས་འདྲི་ཞུས་ནས་སྐད་ཆ་བཤད་ཀྱི་ཡོད་པ་དེ་དག་ནས་བཟུང་། སུ་ཇཱ་སྡོད་རིང་དུ་ལམ་སྟོན་བྱས་པ་སོགས་ཚང་མ་བསྡོམས་བརྒྱབས་ནས་བྲིས་འདུག མོ་རང་ད་ཕྲུག་ཅིག་ཡིན་ཟེར་བ་སོགས་སེམས་འགུལ་ཧ་ཅང་ཐེབས་མཁན་ཞིག་བྲིས་འདུག ཐ་ན་ངས་ཁོང་ཚོར་གྲོད་ཁོག་ལྟོགས་ན་ནང་ལ་ཤོག་དང་རྩམ་པ་ཡོད། སྒོར་མོ་བརྒྱ་ཉིས་བརྒྱ་དེ་འདྲ་ག་དུས་དགོས་ན་ཤོག་ཟེར་གྱི་འདུག་ཟེར་ཚང་མ་བྲིས་འདུག དེ་བཞིན་གཞན་སུ་ཇཱའི་བུ་མོ་ཞིག་སཱ་ར་དང་སྨན་རྩིས་ཁང་ནས་སློབ་མཐར་ཕྱིན་རྗེས་སྨན་པ་ཆགས་ནས་སྤྱི་ཚོགས་ནང་ལས་ཀ་བྱེད་སྐབས་ཟླ་ཕོགས་དང་པོ་དེ་དུམ་བུ་གསུམ་ལ་བཏང་ནས། དུམ་བུ་གཅིག་༧གོང་ས་མཆོག་ལ་ཕུལ། གཅིག་བོད་ལྷ་ས་ལ་ཡོད་པའི་ཨ་མར་བསྐུར། གཅིག་དེ་ང་ལ་བཏང་ནས་བོད་ཁྱིམ་ལ་ཕུལ་རོགས་ཟེར། དེ་འདྲ་ལབ་མཁན་ཕྲུ་གུ་ངས་ནི་དེ་སྔོན་གོ་ཡང་མ་མྱོང་། དེ་ཚོའི་རིགས་ལ་ཚོར་བ་ཆེན་པོ་བྱུང་བ་ནང་བཞིན་ངས་སྤྱི་ཚོགས་ཞབས་ཞུའི་ཆོད་གན་ནང་དེ་གཉིས་བྲིས་ཡོད། ངས་ག་རེ་བསམ་སོང་ཟེར་ན་༧སྐྱབས་མགོན་རིན་པོ་ཆེས་ཕྲུ་གུ་དེ་དག་གིས་བཤད་སྟངས་དང་། ལས་ཀ་བྱེད་མཁན་མགོ་ག་འདྲ་ཚོས་ཀྱི་ཡོད་མེད་གཟིགས་ན་དྲན་བྱུང་། ངའི་བྱས་རྗེས་རེད་ཟེར་ཞུ་ཡི་མེད་དེ་ཕྲུ་གུ་ཚོས་ལས་ཀ་བྱེད་མཁན་ལ་ག་འདྲ་ཞིགགཟིགས་ཀྱི་ཡོད་མེད་དེ་མཁྱེན་རྟོགས་ཀྱི་ཕྱིར་དུ་དེ་འདྲ་བྲིས་ནས་སྐྱེས་དམན་ང་གཉིས་ཀྱིས་ཡིད་བཞིན་ནོར་བུར་ང་བགྲེས་ཡོལ་ཞུ་ཡི་ཡོད། རིན་པོ་ཆེ་བཀའ་དྲིན་ཆེ། སྐྱེ་བ་ཕྱི་མར་༧རྒྱལ་བ་རིན་པོ་ཆེ་གང་དུ་ཕེབས་ན་དེར་སྐྱེ་བའི་སྨོན་འདུན་ཞུས་པ་ཡིན། ང་ལ་ཤེས་འཇོན་ཆེན་པོ་གང་ཡང་ཡོད་མ་རེད་དེ། ཡིན་ན་ཡང་། ད་ང་ཚོ་འཇིག་རྟེན་པ་ཡིན་དུས་ཕྲུ་གུ་ཚོས་དགའ་པོ་བྱས་དུས་སེམས་ནང་ཚོར་བ་ཆེན་པོ་བྱུང་གི་འདུག་ལ་རྔན་པ་ཆེ་ཤོས་ཀྱང་དེ་ཆགས་ཀྱི་འདུག མ་གཞི་དེང་སང་གི་ཕྲུ་གུ་ཚོ་ཁ་རེ་ཁ་ཐུག་དང་དྲང་པོ་ཡག་པོ་འདུག དབྱིན་ཇིའི་གཏམ་དཔེ་ནང་། (Old Is Gold) ཞེས་བཤད་སྲོལ་ཡོད་རེད་དེ། དེ་འདྲ་ཡིན་ས་མ་རེད། མི་རྒན་པའི་ནང་ནོར་འཁྲུལ་མང་པོ་ཡོང་འདུག ངས་དེ་འདྲ་ལབ་ཀྱི་ཡོད།
དྲི་བ། ད་ལྟའི་བཙན་བྱོལ་གྱི་ན་གཞོན་སྤྱི་དང་ལྷག་པར་བོད་ཁྱིམ་གྱི་སློབ་མ་དང་སློབ་ཟུར་རྣམས་ལ་རེ་སྐུལ་འདྲ་ཡོད་དམ།
ལན། ང་དང་ཐུག་མྱོང་མཁན་དང་འབྲེལ་བ་ཡོད་མཁན་ཚང་མར་ངས་དེ་སྔོན་ནས་གང་ཞུ་བསྡད་ཀྱི་ཡོད་ཟེར་ན། དང་པོ་དེར་༧རྒྱལ་བ་རིན་པོ་ཆེ་ལ་བཀའ་དྲིན་བསམ་ཤེས་དགོས་པ་དེ་ནམ་ཡང་དྲན་པ་མ་བརྗེད། ཁོང་གི་བཀའ་དགོངས་ཕྲན་བུ་རེ་ཡིན་ན་ཡང་འགྲུབ་ཐུབ་ཐབས་དང་ཐུགས་མ་ཕམ་པ་ཡོང་ཐབས་གནང་རོགས་ཞུ་རྒྱུ་དང་། གཉིས་པ་དེ་སྤྱི་ལ་ཕན་པའི་ལས་ཀ་ག་རེ་བྱེད་རྒྱུ་འདུག་བལྟས་ནས་ཧྲ་ཐག་ཐག་ཅིག་མ་བྱུང་ན་ཡོང་གི་མ་རེད། ད་ལྟ་སངས་རྒྱས་ཞལ་བཞུགས་པའི་སྐབས་དེ་འགྲིག་པོ་དགོས་རེད་ཞུ་ཡི་ཡོད། དེ་བཞིན་ཕ་མ་བོད་ལ་ཡོད་མཁན་ཚོ་ཡིན་ན་ཡང་ཕ་མ་དང་མ་ཐུག་ནས་རྒྱུན་རིང་པོ་ཆགས་རེད། དང་པོ་ཕ་མ་ཐུག་ཏུ་ཕྱིན་རྗེས་རང་འཇགས་འདུག་འདོད་ན་རེད། དེ་རྗེས་གང་དུ་འགྲོ་འདོད་ན་ཐབས་ཤེས་འཐེན་ནས་འགྲོ་དགོས་རེད་ཅེས་ངས་ཞུ་ཡི་ཡོད། ཕ་མས་རེ་བ་ཆེན་པོ་བརྒྱབས་ནས་ཕྲུ་གུ་སློབ་སྦྱོང་བྱེད་དུ་བཏང་། ཕྲུ་གུ་གང་འཚམས་ནས་ཕ་མ་དང་མ་ཐུག་ནས་ཕ་མ་འཆི་ལ་ཉེ་དུས། ཨ་ཁ་ཕྲུ་གུ་དང་ཐུག་མ་སོང་བསམ་པ་དེ་འདྲ་མ་བྱུང་ན་ཡག་པོ་ཡོད་རེད། རྒྱ་གར་ནང་ན་ཡང་ཕ་མ་དང་རྒྱང་རིང་པོ་སྡོད་མཁན་ཚོར་སོ་སོའི་དྲིན་ཆེན་ཕ་མ་མ་བརྗེད་པ་གནང་དགོས་རེད་ཟེར་གྱི་ཡིན། བུ་གསོ་ཁང་ལྟ་བུ་ཞིག་ལ་མཚོན་ན་ཡང་སོ་སོས་འགྲོ་སོང་གཅིག་ཀྱང་གཏོང་མ་དགོས་པར་ལྷ་ལྕམ་རྗེ་བཙུན་པདྨ་ལགས་ཀྱིས་སྐུ་ངལ་ཤུགས་ཆེན་པོ་བསྐྱོན་པའི་ཐོག་ནས་བོད་ཕྲུག་མང་པོ་འཚར་ལོངས་བྱུང་བ་དེ་དག་གིས་ཨ་མ་ལགས་སྐྱེས་པའི་ཨ་མ་མ་རེད་དེ་ལས་ཀྱི་ཨ་མ་ཡིན་པའི་དྲན་ཚོར་དགོས་རེད། དགེ་རྒན་ལས་བྱེད་རྣམས་ལ་ཡང་བཀའ་དྲིན་བསམ་ཤེས་ཡོད་པ་ཞིག་བྱེད་དགོས་རྒྱུ་གལ་ཆེན་པོ་རེད།
དྲི་བ། ད་ལྟ་ཁྱེད་བོད་ཁྱིམ་ནས་བགྲེས་ཡོལ་ཕེབས་ཟིན་པ་རེད། རེད་དེ་ད་དུང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མི་གནང་མུས་རེད། དེ་བཞིན་ཕྱིས་སུ་ཕྱག་ལས་གཞན་གང་གནང་འཆར་ཡོད་དམ།
ལན། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དུས་ཡུན་དེ་༢༠༡༨ ཀྱི་ཕྱི་ཟླ་༢ པ་ཡས་མས་ཤིག་རེད། དེ་བར་དུ་ཟླ་རེར་ཚོགས་འདུ་རེ་དང་ཛ་དྲག་བྱུང་ན་ཚོགས་འདུར་བཅར་དགོས་པ་དེ་འདྲ་ཡོད་རེད། དེ་མིན་པའི་ད་ལྟའི་ཆར་དམིགས་བསལ་འཆར་གཞི་གང་ཡང་མེད། ཕྱིས་སུ་ང་རང་གི་རྐང་ལག་ཐང་པོ་བྱུང་ན་ཉམ་ཐག་རྣམས་ལ་ངས་ཏོག་ཙམ་ལྟ་རྟོགས་བྱེད་ཐུབ་ན་བསམ་གྱི་འདུག ང་རང་ལ་དངུལ་གཏོང་རྒྱུ་དེ་འདྲ་ཡོད་མ་རེད་དེ་གང་ལྟར་ཡང་ག་རེ་བྱ་རྒྱུ་འདུག་བལྟས་ནས་རོགས་པ་ཞིག་བྱེད་ཐུབ་ན་དྲན་གྱི་འདུག ང་ཚོ་ཉམ་ཐག་མཉམ་དུ་མང་པོ་བསྡད་པས་ཁོང་ཚོར་ལྷག་པ་དང་ཆད་པ་རྣམས་བལྟ་ཐུབ་པ་འདྲ་བྱུང་ན། སོ་སོའི་ད་བར་གྱི་ལས་ཀ་དང་ཡང་འབྲེལ་བ་འདུག་བསམ་པའི་རེ་བ་ཡོད། དེ་རེ་བ་རེད་མ་གཏོགས་ད་ལྟ་ལག་པ་སྟོང་པས་གང་ཡང་བྱེད་རྒྱུ་ཡོད་མ་རེད།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ་ཀྱིས་བཅར་འདྲི་བྱས།