རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་འཐབ་རྩོད་ཀྱི་འགྱུར་འགྲོས་གླེང་བ།
ཉེ་ཆར་<<ནིའུ་ཡོག་དུས་བབ>>་ཀྱིས་ཨ་རིའི་ནང་ཤུགས་རྐྱེན་ཆེས་ཆེ་ཤོས་སུ་འབོད་པའི་རྒྱ་ནག་གི་གནད་དོན་ཆེད་མཁས་པ་ཝ་ཤིང་ཌོན་སློབ་ཆེན་གྱི་སློབ་དཔོན་བྱམ་པའ་ལ་བཅར་འདྲི་སྐབས། དེའི་སྔོན་ཁོང་གིས་བྲིས་ཏེ་ (Wall Street Journal) ཉིན་རེའི་གསར་ཤོག་ཐོག་བཀོད་པའི་“རྒྱ་ནག་དམར་ཤོག་འཐོར་ཞིག”་ཞེས་པའི་རྩོམ་ཡིག་ལ་ཆེད་དུ་འགྲེལ་བརྗོད་བྱས་འདུག
རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ཆེད་མཁས་པ་གོ་ཝན་ཆའེ་ཡིས་བརྗོད་པ་ལྟར་ན། སྐུ་ཞབས་བྱམ་པའ་(David Shambaugh) ཡི་གླེང་མོལ་ནང་མངོན་གསལ་དོད་པོས་ཙང་ཆི་ཧོང་གི་ཕྱོགས་སུ་ལངས་ཏེ། རྒྱ་ནག་དམར་ཤོག་མཐོ་རིམ་དཔོན་རིགས་ཀྱི་ཆབ་སྲིད་འཐབ་རྩོད་ནང་ཚུད་ཡོད་ཅིང་། དེ་དང་དུས་མཚུངས་ཕྱོགས་གཞན་ཞིག་ནས་ང་ཚོས་རྒྱ་ནག་དམར་ཤོག་མཐོ་རིམ་ནང་ཁུལ་གྱི་རྣོ་ངར་ལྡན་པའི་འཐབ་རྩོད་མཐོང་ཐུབ། སྤྱིར་ཞི་ཅིན་ཕིང་གི་ལག་ཏུ་དབང་ཆ་ཆེན་པོ་ཡོད་ཀྱང་། ད་དུང་ཁོང་མི་གཅིག་གི་མཛུབ་མོ་གར་བསྟན་ཤར་མ་ཡིན་པར། ཁོང་ལ་ཁ་གཏད་གཅོག་མཁན་གྱི་ནང་དུ་མི་ཆེན་པོ་ཡོད།

བྱམ་པའ་ཡིས་ཕྱི་ཟླ་༣ པའི་ཚེས་༦ ཉིན་(Wall Street Journal) གསར་ཤོག་སྟེང་རྩོམ་ཡིག་རིང་པོ་ཞིག་སྤེལ་ཡོད་པའི་ནང་། རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་གྱི་རྙོག་ལྷག་འགོ་འཛུགས་ཟིན་པ་དང་། ཁོང་གིས་སྔ་ལྟས་ཀྱི་དཔེ་མཚོན་ལྔ་བགྲངས་ཏེ་གལ་སྲིད་ཞི་ཅིན་ཕིང་གིས་ཆབ་སྲིད་བཅོས་བསྒྱུར་གྱི་འཆར་འགོད་གཏན་འབེབས་བྱས་མ་ཐུབ་ཚེ། ཨུ་རུ་སུ་འཐོར་ཞིག་ལྟ་བུའི་ལས་དབང་ལ་གཡོལ་ཐབས་ཀྱི་དྲག་པོའི་སྟངས་འཛིན་ཇེ་མགྱོགས་སུ་གཏོང་རྒྱུ་ཁོ་ན་ལས་ལྷག་མེད་པའི་བསམ་ཚུལ་བཏོན།
རྩོག་ཡིག་དེར་ཕྱོགས་སོ་སོར་ནས་བསམ་ཚུལ་མི་འདྲ་བ་མང་པོ་བྱུང་ཡོད་པའི་ཁྲོད། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དང་གཞུང་བཀོལ་རྩོམ་པ་པོས་ལན་འདེབས་ཤུགས་ཆེན་བྱས། དཔེར་ན་<<གོ་ལའི་དུས་བབ>>་སྟེང་། བྱམ་པའ་ནི་གྷོ་ཌོན་ཆན་(རྒྱ་ནག་དམར་ཤོག་འཐོར་ཞིག་གི་དཔེ་དེབ་རྩོམ་པ་པོ) དང་འདྲ་བར་མ་རབས་ཐ་ཤལ་གྱི་མི་ཞིག་ཏུ་འགྱུར་ཡོད་པ་མ་ཟད། རྒྱ་ནག་གི་མདུན་ལམ་ལ་མོ་བརྒྱབ་སྟེ་ནུབ་ཕྱོགས་པའི་གླེང་ཕྱོགས་བསྒྱུར་བཞིན་ཡོད་ཚུལ་བརྗོད་པའི་རྩོམ་ཡིག་ཀྱང་སྤེལ་ཡོད།
བྱམ་པའ་ཡིས་ཕྱི་ཟླ་༣ པའི་ཚེས་༡༧ ཉིན་<<ནེའུ་ཡོག་དུས་བབ>>་ཀྱི་གསར་འགོད་པའི་བཅར་འདྲི་དང་ལེན་སྐབས། སྔར་རྒྱ་ནག་ཕྱོགས་གཏོགས་ཀྱི་མཁས་དབང་ཞེས་འབོད་པའི་ཁོང་གིས་རྒྱ་ནག་དམར་ཤོག་ལ་བག་ཚ་མེད་པའི་སྒོ་ནས་འཚང་འབྱིན་དགོས་དོན་གང་ཡིན་སྐོར་གསལ་བཤད་བྱས།
ཙང་ཆི་ཧོང་གི་ལམ་བུས་རྒྱ་ནག་དམར་ཤོག་ཉམས་རྒུད་ཀྱི་རྒྱུན་སྐྱོང་།
བྱམ་པའ་ཡིས་བརྗོད་དོན། “ཞི་ཅིན་ཕིང་གི་དྲག་པོའི་སྟངས་འཛིན་གྱིས་རྒྱ་ནག་དམར་ཤོག་འཐོར་ཞིག་གི་མྱུར་ཚད་ཇེ་མགྱོགས་སུ་གཏོང་ཡོད། གང་ཡིན་ཟེར་ན། ཁོང་གིས་ཅང་ཙེ་མིན་དུས་སྐབས་ཀྱི་ཙང་ཆི་ཧོང་གི་གུ་ཡངས་ལམ་བུ་ལ་རྒྱབ་འགལ་བྱས་ཡོད། ཕལ་ཆེར་༢༠༠༠ ལོ་ནས་༢༠༠༨ བར་ཙང་ཆི་ཧོང་གི་གཙོ་སྐྱོང་འོག རྒྱ་ནག་དམར་ཤོག་ཚོགས་པས་རྗེས་མའི་རིགས་ཀྱི་ཐབས་ལམ་བདམས་ཡོད་ཀྱང་། ངའི་བསམ་ཚུལ་ལྟར་ན། ཕྱི་ལོ་༢༠༠༩ ལོར་ཙང་ཆི་ཧོང་ལས་འཁྱུར་བྱས་པའི་རྗེས། རྒྱ་ནག་དམར་ཤོག་ཚོགས་པའི་ལམ་བུ་གློ་བུར་དུ་འགྱུར་སོང་།”
རྗེས་མའི་རིགས་ཀྱི་ཐབས་ལམ་ཞེས་འབོད་པ་ནི་ཁོང་གིས་ངོས་འཛིན་བྱས་པའི་ལེ་ཉིན་གྱི་བྱེད་ཐབས་ལྟར་ཉམས་རྒུད་ཀྱི་ལས་དབང་ལས་གཡོལ་ཐབས། “འགྱུར་བག་ཀྱི་ཁ་ཕྱོགས། གུ་ཡངས་ཀྱི་རྣམ་འགྱུར། ཚོད་ལྟ་ལམ་སྟོན་དང་དོ་དམ་འགྱུར་ལྡོག” ཟེར་བ་དེ་ཡིན་ཞིང་། བྱམ་པའ་ཡིས་བཤད་པའི་ནང་དོ་སྣང་བྱ་རིན་ཡོད་པ་ཞིག་ནི། ཙང་ཆི་ཧོང་སྤྱི་ཁྱབ་དྲུང་ཆེ་ཅང་ཙེ་མཱེན་མིན་ནའང་། ཚད་ངེས་ཅན་ཞིག་གིས་ཐོག་ནས་རྒྱ་ནག་དམར་ཤོག་ཚོགས་པ་ཉམས་རྒུད་ཀྱི་ལམ་བུ་རྒྱུན་སྐྱོང་པའི་ཚབ་མཚོན་ལྟ་བུ་ཆགས་ཡོད།
རྒྱ་ནག་དམར་ཤོག་དབུས་ཡིག་ཆ་ཞིབ་འཇུག་ཁང་གི་རྒྱུན་ལས་དང་ཀྲུའུ་ཨན་ལེ་ཡི་མི་ཚེའི་ལོ་རྒྱུས་ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་གོ་ཝན་ཆའེ་ལ་ཨ་རིའི་རླུང་འཕྲིན་ཁང་གིས་བཅར་འདྲི་སྐབས། ཁོང་གིས་“ཉེ་བའི་ཆར་གྱི་གནས་ཚུལ་འགྱུར་ལྡོག་མང་པོ་ཞིག་གི་ཁ་ཕྱོགས་དང་འབྲེལ་ནས་བཤད་ན། བྱམ་པའ་ཡི་བསམ་ཚུལ་ཁུངས་ལུང་མེད་པ་ཞིག་གཏན་ནས་མ་རེད། རྒྱུ་མཚན་ངེས་ཅན་ཞིག་གི་འོག་དུས་ཚོད་འདི་འདྲ་ཞིག་ལ་ཕྱིར་ཐོན་ནས་ཅང་ཙེ་མིན་དང་ཙང་ཆི་ཧོང་གི་རྒྱབ་ཏུ་ལངས་ཏེ། ཞི་ཅིན་ཕིང་ལ་སྐྱོན་བརྗོད་བྱས་ལུགས་ལ་བལྟས་ན། རྒྱ་ནག་དམར་ཤོག་མཐོ་རིམ་ནང་ཁུལ་དུ་ཞི་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས། བྱེད་སྟངས་རིགས་མང་པོའི་ཐོག་ལྟ་ཚུལ་མི་མཐུན་པ་ཤུགས་ཆེན་པོ་ཡོད་པ་གསལ་སྟོན་བྱས་ཡོད་ལ། ཐ་ན་རྒྱ་ནག་དམར་ཤོག་གི་ཆབ་སྲིད་ལ་རྒྱུས་མངའ་དང་དཔོན་རིགས་བར་འབྲེལ་ལམ་གཏིང་ཟབ་ཡོད་པའི་ཨ་རིའི་མཁས་པ་ཁོང་ཡང་ཐད་ཀར་ཆབ་སྲིད་འཐབ་རྩོད་དེའི་ནང་ཚུད་དེ། སྔོན་མར་ཕྱོགས་གཉིས་ཀྱི་གསང་བའི་འཐབ་རྩོད་དེ་ད་ལྟ་ཡོངས་གྲགས་ཅན་དུ་གྱུར་པ་མ་ཟད། ཁོང་གིས་ནུས་ཡོད་ཚད་བཏོན་ཏེ་ཙང་ཆི་ཧོང་གི་ཕྱོགས་སུ་ལངས་པ་ལས་ཀྱང་། དབང་ཆ་འཐབ་རྩོད་ཀྱི་གོམ་སྟབས་སྦ་གསང་མེད་པའི་ཚད་ལ་སླེབས་ཡོད་པ་མཐོང་ཐུབ།
རྒྱ་ནག་དམར་ཤོག་ནང་ཁུལ་གྱི་ཉིན་དཀར་འཐབ་རྩོད།

གོ་ཝན་ཆའེ་ཡིས་བརྗོད་དོན། “ བྱམ་པའ་ནི་ཨ་རིའི་ནང་སྙན་གྲགས་ཡོད་པའི་རྒྱ་ནག་ཕྱོགས་གཏོགས་ཀྱི་མཁས་དབང་ཞིག་ཡིན་པ་དང་། འདས་པའི་ལོ་མང་པོའི་རིང་རྒྱ་ནག་དམར་པོའི་དཔོན་རིགས་དང་འབྲེལ་བ་དམ་ཟབ་ཡོད། ཁོང་གི་རྩོམ་ཡིག་ནི་དཔྱད་ཞིབ་བྱེད་ས་ཡག་ཤོས་ཤིག་རེད། དེའི་ནང་ནས་རྒྱ་དམར་མཐོ་རིམ་ནང་ཁུལ་འཐབ་རྩོད་ཀྱི་གྲི་རྩལ་མཐོང་ཐུབ་ལ། སྒྲིབ་ཡོལ་མེད་པའི་ཉིན་དཀར་འཐབ་རྩོད་ཀྱི་རྣམ་པའང་གསལ་ཡོད། རྒྱལ་ཕྱི་ནང་གི་བརྒྱུད་ལམ་ཁག་གང་སར་ཐོན་པའི་གནས་ཚུལ་ལས་ཀྱང་རྟོགས་ནུས།
ཕྱི་ཟླ་༣ པའི་ཚེས་༡༤ ཧོང་ཀོང་དུ་ཡོད་པའི་<<འགུལ་ཕྱོགས>>་དུས་དེབ་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༢ པའི་ཚེས་༡༦ ཉིན། ཀྲའོ་ཧང་ཀྲུའུ་ཡིས་དབུས་སྒྲིག་བཤེར་ལྷན་ཁང་གི་ཚབ་བྱས་ཏེ་ཙིང་ཆི་ཧུང་ལ་དངོས་སུ་ཉེས་འཛུགས་ཞིབ་བཤེར་ཁྱབ་བསྒྲགས་བྱས་པ་དང་། ཀྲའོ་ཧང་ཀྲུའུ་ཡིས་ཙང་ཆི་ཧོང་ལ་དམིགས་བསལ་བསླབ་བྱ་དོན་ཚན་གསུམ་བརྒྱུད་བསྒྲགས་བྱས་པའི་ནང་། “ད་ལྟ་ནི་དཔྱད་ཞིབ་དང་། རྩིས་སྤྲོད་ཀྱི་མཐའ་མའི་དུས་ཚོད་རེད། རེ་སྟོང་མ་འཆངས། ཐག་རིང་ལ་མ་འགྲོ”་ཞེས་བརྗོད་བརྗོད་ཡོད་འདུག གསར་འགྱུར་དེ་ཕྱི་ཕྱོགས་སུ་ཡོད་པའི་པེ་ཅིང་ཕྱོགས་གཏོགས་ཀྱི་བརྒྱུད་ལམ་ཁག་གིས་ཀྱང་བརྒྱུད་བཀོད་བྱས།
ཕྱི་ཟླ་༣ པའི་ཚེས་༥ ཉིན་དེ་སྔར་ཙང་ཆི་ཧོང་གི་དྲུང་ཡིག་བྱས་མྱོང་བ་དང་། རྗེས་སུ་དབུས་སྲིད་ཇུས་ཞིབ་འཇུག་ཁང་གི་འགན་འཛིན་གཞོན་པ་ཟུར་པ་ཧྲི་ཀྲི་ཧོང་གིས་ཚོགས་ཆེན་གཉིས་སྐབས། རྒྱལ་ཡོངས་སྲིད་གྲོས་ཚོགས་ཆུང་གི་བགྲོ་གླེང་ཐོག་སྦ་གསང་མེད་པར། རྒྱལ་ཕྱི་ནང་གི་བརྒྱུད་ལམ་ཁག་གིས་དབུས་སྒྲིག་བཤེར་ལྷན་ཁང་གི་དྲ་བའི་ཐོག་བཀོད་པའི་ལོ་རྒྱུས་ཐོག་གི་“དཔོན་ངན་ཆིང་ཆིན་ཝང་གི་སྤྱོད་ལམ་གནད་དོན་”སྐོར་གྱི་རྩོམ་ཡིག་གི་ནང་དོན། སྟག་རྒན་ཙང་ཆི་ཧོང་དང་འབྲེལ་ནས་ཚད་བརྒལ་གྱིས་འགྲེལ་བརྗོད་བྱས་པར་ཡོངས་གྲགས་ཐོག་ངོ་རྒོལ་བྱས་ཡོད་པ་མ་ཟད། ཞི་ཅིན་ཕིང་གིས་བཏོན་པའི་“ཡོངས་ཁྱབ་བཞི”་ལ་འགྲེལ་བརྗོད་དང་འབྲེལ། “མཚོན་བྱེད་གསུམ”་ཕེབས་སྐྱེལ་བྱས་ཏེ་“ཡོངས་ཁྱབ་བཞི”་བསུ་བར་དོགས་ཟོན་བྱེད་དགོས་ཞེས་པའི་དཀྲིག་ཤིང་རང་བཞིན་གྱི་གཏམ་བརྗོད་སྤེལ་ཡོད།
ཅང་ཙང་གི་ལམ་བུ་ཧུ་དུས་སྐབས་ནས་རྒྱབ་ཏུ་བསྐྱུར་ཟིན།
<<ནེའུ་ཡོག་དུས་བབ>>་ཀྱིས་བྱམ་པའ་ལ་བཅར་འདྲི་སྐབས། ཅང་། ཙང་ལམ་བུ་ལ་ཧུ་ཅིན་ཐའོ་དུས་སྐབས་སུ་འགྱུར་བ་སོང་བ་དང་། “ སྟོབས་ཤུགས་ཆེ་བ་དང་། དྲག་པོའི་སྟངས་འཛིན་གྱི་བརྒྱུད་རིམ་ཁྲོད་ཁེ་ཕན་ཡོད་པའི་དཔོན་ཐོབ་ཚན་པ། དྲིལ་བསྒྲགས་ལས་ཁུངས་དང་། མི་དམངས་བཅིངས་གྲོལ་དམག མི་དམངས་དྲག་ཆས་ཉེན་རྟོག་རུ་ཁག རྒྱལ་དབང་ཁེ་ལས་བཅས་ཁག་བཞི་མཉམ་དུ་འཛོམས་ཐོག (ངས་ཁོང་ཚོར་“ལྕགས་ཀྱི་ཟུར་བཞི་”ཞེས་འབོད་བཞིན་ཡོད།) ཧུ་ཅིན་ཐའོ་གོ་སྐོན་བློ་འགུགས་ཀྱིས་གལ་སྲིད་དྲག་གནོན་ཚ་ནན་མ་བྱས་པར། ཕྱོགས་མང་པོའི་ཐོག་ནས་ལྷོད་ཡངས་བཏང་ཚེ། རྒྱ་ནག་དམར་ཤོག་གི་སྲིད་དབང་ཤོར་རྒྱུ་ཡིན་སྐོར་བརྗོད་ཡོད།”
བྱམ་པའ་ཡིས་ངོས་འཛིན་བྱས་པ་ལྟར་ན། རྒྱ་ནག་དམར་ཤོག་གི་གུ་ཡངས་དུས་ཚོད་ནི་ཕྱི་ལོ་༢༠༠༠ ནས་ ༢༠༠༨ ལོར་བར་ཡིན་འདུག གོ་ཝན་ཆའེ་ཡིས་བརྗོད་དོན། ཕྱི་ལོ་༢༠༠༠ ལོ་ནི་ཅང་ཙེ་མིན་གྱི་“མཚོན་བྱེད་གསུམ”་ཐོག་མར་སྒོར་ཐོན་པའི་ལོ་ཡིན། སྤྱིར་“མཚོན་བྱེད་གསུམ”་ཞེས་པ་སྤྱི་སྒྲོམ་ཞིག་ཡིན་ནའང་། དེའི་ནང་དུ་མ་ཚང་བ་གཅིག་ཀྱང་མེད། མདོར་ན། རྒྱ་ནག་དམར་ཤོག་གིས་བཟང་པོའི་ལས་ཀ་ཐམས་ཅད་ཀྱི་ཚབ་མཚོན་བྱས་ཡོད་ནའང་། དོན་དངོས་སུ་རྒྱ་ནག་དམར་ཤོག་གི་བསམ་བློ་འཁྱེར་བཟོ་ལ་མཐོང་ཚུལ་མི་ལེགས་པ་ཡོད་པ་དེ། ལྷོད་ཡངས་དང་ཚུལ་མཐུན་རང་བཞིན་ཞིག་ལ་བསྒྱུར་ཐབས་འོག ཡིན་མིན་ཐག་གཅོད་ཀྱི་ཚད་གཞི་དེ་ཐོན་སྐྱེད་ནུས་ཤུགས་དང་མི་དམངས་མང་ཚོགས་ཀྱི་ཐོག་ཏུ་བཞག་ཡོད། དུས་སྐབས་དེའི་རིང་ལྟོས་འཇོག་གིས་སྲིད་ཇུས་ཅུང་ལྷོད་ཡངས་ཡིན། ཅང་ཙེ་མིན་མི་སྒེར་དང་ཁྱིམ་རྒྱུད་གང་འདྲ་ཡིན་མིན་ལ་མ་ལྟོས་པར། ཆབ་སྲིད་ཀྱི་ཐོག་ནས་“མཚོན་བྱེད་གསུམ”་ཞེས་པ་ཁི་རུ་ཤི་ཆི་ཝི་ཡི་དམངས་གཙོ་ཚོགས་དང་འདྲ་བར། སྤྱིར་དོན་དངོས་རང་བཞིན་གྱི་གོམ་པ་ཞིག་སྤོས་ཐུབ་མེད་ཀྱང་། མ་མཐའ་ཡང་དུས་བསྟུན་གྱི་མདུན་བསྐྱོད་ཅིག་བྱས་པ་ནི་ངོས་འཛིན་བྱ་རིན་ཡོད་པ་ཞིག་རེད།”
གོ་ཝན་ཆའེ་ཡིས་བརྗོད་རྒྱུར། “ད་ལྟ་ཞི་ཅིན་ཕིང་ཏག་ཏག་ལྡོག་ཕྱོགས་ནས་མའོ་ཡི་དར་ཆ་འཕྱར་ཏེ་ལམ་བུ་རྙིང་པའི་ཐོག་བསྐྱོད་བཞིན་ཡོད། ཆབ་སྲིད་ཐོག་ལའང་འགྱུར་ལྡོག་གསར་པ་ཞིག་གང་ཡང་མེད་པར། མའོ་ལ་ལད་ཟློས་བྱས་པ་རྐྱང་རྐྱང་རེད། སྔོན་ཆད་ཅང་ཙེ་མིན་གྱིས་ལྷོད་ཡངས་སུ་བཏང་པའི་བསམ་བློའི་འཁྱེར་བཟོ་དེ། ད་ལྟ་ཞི་ཅིན་ཕིང་གིས་ཡང་བསྐྱར་དམ་དུ་གཏོང་པ་ནི། མངོན་གསལ་དོད་པོས་ལོ་རྒྱུས་ཀྱི་ཁ་ཕྱོགས་ལ་རྒྱབ་འགལ་བྱས་པ་རེད།”
གོ་ཆའེ་ཝན་གྱིས་ངོས་འཛིན་བྱེད་དོན། བྱམ་པའ་ཡིས་གླེང་མོལ་སྐབས་ཙང་བསྟོད་ཞི་སྨོད་བྱས་པ་ནི། ཆབ་སྲིད་ཐོག་ཞི་ཅིན་ཕིང་དང་འབྲེལ་བ་ཡོད། ཁོང་མངོན་གསལ་གྱིས་ཙང་ཆི་ཧོང་གི་ཕྱོགས་སུ་ལངས་ཏེ། དམར་ཤོག་ནང་ཁུལ་གྱི་གུ་ཡངས་ཤོག་ཁག་གི་དབུ་རྒྱན་ཙང་ཆི་ཧོང་ལ་གཡོགས་ན། ཞི་ཅིན་ཕིང་མི་དགའ་བ་ཐག་ཆོད། གང་ལགས་ཤེ་ན། རྒྱུ་མཚན་དེའི་འོག་ཞི་ཅིན་ཕིང་ནི་དམར་ཤོག་ནང་ཁུལ་གྱི་ལྟ་མཁྲེགས་པའི་གྲས་སུ་ལྷུང་པ་ཡིན་ལ། ཁོང་གི་ཕྱིའི་གཟུགས་བརྙན་ལ་གནོད་ངེས་པ་མ་ཟད། བཟང་སྤྱོད་ཀྱི་ཚད་མཐོ་སར་ལངས་ཡོད་པའི་གོ་གནས་ཀྱང་ཤོར་སྲིད། དམར་ཤོག་ནང་ཁུལ་གྱི་བར་གནས་རྣམས་ཞི་ཅིན་ཕིང་དང་རིང་དུ་གྱེས་ཏེ། ཞི་དང་ཅང་ཙང་བར་འཐབ་རྩོད་ཀྱི་རྣོ་ངར་ཇེ་ཆེར་འགྲོ་རྒྱུ་རེད།
དམར་ཤོག་མི་རབས་གཉིས་པའི་གཙོ་འཛིན་ཙང་ཆི་ཧོང་།
གོ་ཝན་ཆའེ་ཡིས་བརྗོད་དོན། “ཙང་ཆི་ཧོང་ནི་དམར་ཤོག་མི་རབས་གཉིས་པའི་གཙོ་འཛིན་ལྟ་བུ་ཡིན་ཞིང་། ལོ་མང་པོའི་རིང་གནད་ཡོད་ལས་ཁུངས་ཁག་ཁ་ལོ་བསྒྱུར་ཏེ། དུས་ཡུན་རིང་པོར་དབུས་ཀྱི་དབང་ཆའི་སྲོག་ཤིང་ནང་གནས་ཡོད། དམར་ཤོག་ནང་ཁུལ་དུའང་འབྲེལ་ལམ་གཏིང་ཟབ་ཡོད་སྟབས། ལས་སླ་མོའི་ངང་ཁོང་འགུལ་བསྐྱོད་རྒྱག་མི་ནུས། མཇུག་མཐར་ཕྱོགས་གང་དུ་སླེབས་མིན་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་ཐག་གཅོད་དགོས་པས། ད་ལྟ་བཤད་ཚོད་མི་ཐིག་ཀྱང་། ཙང་ཆི་ཧོང་སྒུལ་ན་ཅང་ཙེ་མིན་ཀྱང་དེའི་ནང་དུ་ཚུད་པ་མ་ཟད། དམར་ཤོག་མི་རབས་གཉིས་པའི་ཐོག་ཏུའང་ལག་འཇོག་པ་ཡིན་ལ། དམར་ཤོག་མི་རབས་གཉིས་པ་ནི་ཞི་ཅིན་ཕིང་གི་སྲིད་སྐྱོང་བའི་གཞི་རྩའི་དཔུང་ཁག་རེད།
ཞི་ཅིན་ཕིང་ནི་ཅང་དང་ཙང་གིས་ཏང་གི་ཚོགས་ཆེན་སྐབས་བཅུ་བདུན་པའི་ཐོག་ཡར་འཐེན་ཏེ་ཧུ་ཅིན་ཐའོ་ཡི་རྗེས་འཛིན་ལི་ཁེ་ཆང་ལ་ཁ་གཏད་གཅོད་བྱེད་ཡིན། ཡིན་ནའང་ཞི་ཅིན་ཕིང་གིས་ཅིའི་ཕྱིར་ཁ་ཕྱིར་འཁོར་ཏེ་ཁོང་ཚོའི་ཐོག་སོ་བརྒྱབ་དགོས་དོན་མི་ཤེས་ཀྱང་། དབང་ཆ་ར་བའི་ནང་། འགོ་ཁྲིད་ཟུར་པ་ཐམས་ཅད་ཀྱིས་ལས་སླ་མོའི་ངང་རང་ཉིད་ཀྱི་དབང་ཆ་འདོར་འདོད་མེད་པ་དང་། ད་ལྟའི་ལས་ཐོག་རྣམས་ཀྱིས་འགོ་ཁྲིད་ཟུར་པའི་ཤུགས་རྐྱེན་མེད་པར་བཟོ་བའི་ཆེད། ཕྱོགས་གཅིག་ནས་ངེས་པར་འབྲེལ་ཐག་གཅོད་དགོས་ཀྱི་ཡོད། ཐ་ན་ཕ་བུ་དང་སྤུན་མཆེད་ཡིན་ནའང་ཕན་ཐོགས་མེད། ལོ་རྒྱུས་ནང་དེ་ལྟ་བུའི་དཔེ་མཚོན་གྲངས་མེད་ཅིག་བྱུང་མྱོང་། ཅང་དང་ཙང་གིས་ཀྱང་ཞི་ཡི་རུལ་སུངས་འགོག་རྒོལ་བསམ་འཆར་བཤད་མྱོང་ཡོད་པ་དང་། ཞི་ཡིས་ཐོག་མར་རུལ་རྒོལ་གྱི་དཀའ་གནད་ལ་སྣང་མེད་འོག་འགོ་འཛུགས་བྱས་ཡོད་ཀྱང་། ཁ་ཕྱིར་འཁོར་བའི་མདའ་མོ་ཞིག་མེད་པ་བཞིན། གལ་ཏེ་སྔོན་ནས་ཡ་ང་སྙིང་རྗེ་མེད་པའི་འགོག་རྒོལ་མ་བྱས་ཚེ། མཐར་རང་ཉིད་ཀྱང་མི་གཞན་གྱི་ལག་འོག་ཏུ་ཤོར་མི་སྲིད་པ་ཞིག་མིན།
གའོ་ཝན་ཆའེ་ཡིས་བརྗོད་དོན། སྟག་རྒན་ཀྲུའུ་ཡོང་ཁང་བསྔོགས་པ་ནས་བཟུང་ཞི་དང་ཙང་གཉིས་དགྲ་ཁ་གཏད་དུ་གྱུར་ཡོད་ཅིང་། ཀྲུའུ་བསྔོག་རྒྱུའི་བློ་ཐག་བཅད་མ་ཐག ཞི་དང་ཅང་། ཙང་བར་གྱི་འབྲེལ་བ་ནི་འགལ་ཟླའི་འོག་ཏུ་ལྷུང་། གང་ལགས་ཤེ་ན། ཀྲུའུ་ནི་ཙང་ཆི་ཧོང་གི་རྒྱབ་སྐྱོར་ལ་བརྟེན་ནས་ཡར་སླེབས་པའི་མི་ཡིན་པ་དང་། རྗེས་སུ་ཙང་ཙེ་མིན་ལ་ངོ་སྤྲོད་བྱས་པ་ཞིག་ཡིན། རྡོ་སྣུམ་ཤོག་ཁག་གི་གཙོ་བདག་ངོ་མ་ཡང་ཀྲུའུ་ཡོང་ཁང་མ་ཡིན་པར། སྔོན་ཆད་རྡོ་སྣུམ་ཤོག་ཁག་ནང་དུ་དྲུང་ཡིག་བྱས་མྱོང་བའི་ཙང་ཆི་ཧོང་རེད། དེར་བརྟེན་ཀྲུའུ་ཡོང་ཁང་སྒུལ་པ་དང་ཙང་ཆི་ཧོང་འབྲེལ་བ་དམ་ཟབ་ཡོད།།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།