རྒྱ་ནག་གི་མཁས་པ་ཞིག་གིས་རྒྱ་ནག་གི་རྩ་ཁྲིམས་“རྫུན་མ་”ཡིན་ཚུལ་བཤད་རྗེས་འཇུ་བཟུང་།
རྩ་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་ལ་མཁས་པའི་རྒྱ་ནག་གི་མཁས་པ་ཞིག་གིས་རྒྱ་ནག་གི་རྩ་ཁྲིམས་“རྫུན་མ་”ཡིན་པ་དང་། ཆབ་སྲིད་ཚོགས་པ་གཅིག་གིས་སྲིད་གཞུང་དབང་སྒྱུར་བྱེད་པའི་ལམ་ལུགས་ལ་སྐྱོན་བརྗོད། དེ་བཞིན་རྒྱ་ནག་ཡང་དག་པའི་མང་གཙོར་སྒྱུར་དགོས་ཚུལ་བཤད་རྗེས། ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ་མཚན་གཅིག་རིང་བཀག་ཉར་བྱས་ཡོད་འདུག
དེ་ཡང་ལོ་ན་ ༤༣ ལ་སོན་ཞིང་ཧྲང་ཧེ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་ཁྲིམས་ལུགས་མཁས་པ་གྲགས་ཅན་ཤན-ཤུའུ་ཤོན་(Zhan Xuezhong)གྱིས་ཕྱི་ཟླ་ ༥ ཚེས་ ༩ ཉིན་སོ་སོའི་སྐད་འཕྲིན་ཐོག་ཏུ་རྒྱ་ནག་གི་ཁྲིམས་བཟོ་ལྷན་ཁང་དུ་ཕུལ་བའི་ཞུ་ཡིག་ཅིག་སྤེལ་བ་དེ། རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་དུ་ལྟ་ཀློག་དང་བརྒྱུད་སྐུར་ཤུགས་ཆེན་བྱུང་བས། ཚེས་ ༡༠ ཉིན་ཉེན་རྟོག་པ་ཁོང་གི་ཁྱིམ་དུ་བསླེབས་ནས་ཁོང་འཛིན་བཟུང་བྱས་ཏེ་མཚན་གཅིག་རིང་བཀག་ཉར་བྱས་རྗེས་གློད་གྲོལ་བཏང་བའི་གནས་ཚུལ་བྱུང་འདུག
ཤན-ཤུའུ་ཤོན་གྱིས་འཚོགས་ལ་ཉེ་བའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཆེད་དུ་ཕུལ་བའི་ཞུ་ཡིག་དེའི་ནང་། ཁོང་གིས་སྲིད་གཞུང་གིས་སྤྱི་ཚོགས་ལ་ཁྲིམས་མེད་ལུགས་མེད་ཀྱི་དྲག་གནོན་དང་སྟངས་འཛིན་དྲག་པོ་བྱས་པར་བརྟེན་ནས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་སྡུག་དེ་བྱུང་བ་ཡིན་ཚུལ་བརྗོད་པའི་ཐོག དེས་རྒྱ་ནག་གི་སྤྱི་ཚོགས་ཀྱི་རང་སྐྱོང་རང་སྲུང་བྱེད་པའི་ནུས་པ་དེ་ཕལ་ཆེར་རྩ་མེད་བཏང་སྐོར་ཡང་བཤད་ཡོད་འདུག
གཞན་ཡང་ཞུ་ཡིག་དེའི་ནང་། ཁོང་གིས་རྒྱ་ནག་གི་ད་ལྟའི་རྩ་ཁྲིམས་དེ་“རྩ་ཁྲིམས་རྫུན་མ་ཞིག་”ཡིན་པ་དང་། དེ་ནི་“དབང་སྒྱུར་ཚོགས་པས་སོ་སོའི་སྲིད་གཞུང་འཛིན་སྐྱོང་བྱེད་པའི་ཆེད་དུ་བཀོལ་བའི་ལག་དེབ་ཙམ་”ཡིན་པ། “རྒྱ་ནག་གིས་ཡང་དག་པའི་རྩ་ཁྲིམས་དང་མཐུན་པའི་དེང་རབས་ཀྱི་ཆབ་སྲིད་ལམ་ལུགས་ཤིག་གཏན་འབེབས་བྱས་མེད་སྟབས། སྤྱི་ཚོགས་འཛིན་སྐྱོང་ལམ་ལུགས་ཤིན་ཏུ་རྗེས་སུ་ལུས་ཡོད་”ཅེས་བྲིས་པའི་ཐོག “ནད་ཡམས་བྱུང་བ་དང་།ཁྱབ་གདལ་ཕྱིན་ཚུལ་དེ་ནི་དཀའ་ངལ་དེའི་མཚོན་རྟགས་ལེགས་པོ་ཡིན་”ཅེས་བསྣན་ཡོད་འདུག
ཁྲིམས་ལུགས་མཁས་པ་ཁོང་གི་བརྗོད་པ་ལྟར་ན། ཕྱི་གསལ་ནང་གསལ་མེད་པ་དང་། གནས་ཚུལ་ཕྱིར་བསྒྲགས་བྱེད་མཁན་རྣམས་ཀྱི་ཁ་འགོག་པ། ས་གནས་སྲིད་གཞུང་གི་ནུས་མེད་རང་བཞིན། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཆག་སྒོ་སོགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་འདས་པའི་མི་ལོ་ ༧༠ དབང་སྒྱུར་ནང་རྒྱལ་ཁབ་ལེགས་པོ་ཞིག་འཛུགས་སྐྲུན་བྱེད་རྒྱུ་ལྟ་ཅི་སྨོས། ཐ་ན་སྤྱི་ཚོགས་འཛིན་སྐྱོང་གི་ལམ་ལུགས་སྲ་བརྟན་ཞིག་ཀྱང་འཛུགས་སྐྲུན་བྱེད་ཐུབ་མེད་པ་དེ་བསྟན་ཡོད་འདུག
དེ་ཡིས་མ་ཚད་ཁོང་གིས་ད་དུང་རྒྱ་ནག་དམར་ཤོག་ཚོགས་པའི་དམིགས་བསལ་ཐོབ་ཐང་མེད་པ་བཟོས་ཏེ་ཡང་དག་པའི་མང་གཙོའི་ལམ་ལུགས་སུ་སྒྱུར་བའི་དགོས་འདུན་བཏོན་པ་དང་། རྩ་ཁྲིམས་གསར་པའི་སྒྲིམ་གཞི་ཞིག་ཀྱང་བྲིས་ནས་ལྷན་དུ་སྦྱར་ཏེ་སྤེལ་ཡོད་འདུག
ཁོང་ནི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཆེད་སྦྱོང་བྱས་པའི་མཁས་པ་གྲགས་ཅན་ཞིག་ཡིན་ཞིང་། ཁོང་གིས་ཕྱི་ལོ་ ༢༠༡༡ དང་ ༢༠༡༢ ནང་རྒྱ་ནག་གི་སློབ་གསོ་ལས་ཁུངས་ལ་སློབ་ཆེན་གྱི་སློབ་ཚན་ནང་ཅིས་ཀྱང་མར་ཁི་སི་དང་མའོ་ཡི་ལྟ་བར་སློབ་སྦྱོང་བྱེད་དགོས་པའི་ལམ་ལུགས་དེ་མེད་པ་བཟོ་བའི་སྙན་ཞུ་བསྟུད་མར་ཐེངས་གཉིས་ལ་ཕུལ་བ་དང་། དེ་ནས་ཕྱི་ལོ་ ༢༠༡༢ ལོར་ཝེ་བྷོ་དྲ་བ་བརྒྱུད་དེ་དམར་ཤོག་ཚོགས་པ་ལས་ཕྱིར་དོན་རྒྱུའི་གསལ་བསྒྲགས་སྤེལ་རྗེས། ཕྱི་ལོ་ ༢༠༡༣ ལོར་ཁོང་སློབ་གྲྭ་ཆེན་མོའི་དགེ་རྒན་གྱི་ལས་གནས་ནས་ཕྱིར་འཕུད་བྱས་ཤིང་། ༢༠༡༩ ལོར་ཧྲང་ཧེ་གྲོང་ཁྱེར་སྲིད་གཞུང་ནས་ཁོང་གི་ཁྲིམས་ལུགས་ལག་ཁྱེར་ཕྱིར་བསྡུ་བྱས་ཡོད་འདུག།
གསར་འགོད་པ་དཀོན་མཆོག་རབ་བརྟན།