༢༠༢༤ ལོ་ནི་འཛམ་གླིང་གི་རྒྱལ་ཁབ་༧༠ ཙམ་གྱི་སྲིད་འཛིན་དང་གྲོས་འཐུས་འོས་བསྡུ་བྱེད་རྒྱུའི་དུས་ཚོད་འཁེལ་འདུག
ཟླ་འདིའི་ཚེས་༢༨ ཉིན་རྒྱ་གར་གྱི་(WION) ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༤ ལོའི་ནང་དམངས་གཙོའི་རྒྱལ་ཁབ་ཡིན་མིན་ལ་མ་ལྟོས་པར་མི་འབོར་ཐེར་འབུམ་༣.༧ ཡོད་པའི་རྒྱལ་ཁབ་ཁྱོན་བསྡོམས་༧༠ ནང་སྲིད་འཛིན་དང་གྲོས་ཚོགས་སོགས་ཀྱི་འོས་བསྡུ་བྱ་རྒྱུ་ཡིན་འདུག

ཕྱི་ལོ་༢༠༢༤ ལོ་ཨ་ཧྥི་རི་ཀའི་ནང་གི་རྒྱལ་ཁབ་༡༥་དང་། བྱང་དང་ལྷོ་ཨ་མེ་རི་ཀའི་ནང་རྒྱལ་ཁབ་༩། ཨེ་ཤེ་ཡའི་ནང་རྒྱལ་ཁབ་༡༡་དང་ཡུ་རོབ་ནང་རྒྱལ་ཁབ་༢༢། དེ་བཞིན་ཨོ་ཤོན་ནེ་ཡའི་(Oceania)་ནང་རྒྱལ་ཁབ་༤ བཅས་མི་འབོར་ཐེར་འབུམ་༣.༧ ཡོད་པའི་ཁྱོན་བསྡོམས་རྒྱལ་ཁབ་༧༠ ནང་འོས་བསྡུ་བྱེད་རྒྱུ་ཡིན་འདུག
རྒྱལ་ཁབ་དེ་དག་གི་ཁྲོད་ཀྱི་གཅིག་ནི་འཛམ་གླིང་ཐོག་དཔལ་འབྱོར་ཨང་དང་པོར་སོན་པའི་ཨ་རི་ཡིན་ཞིང་། ཕྱི་ལོ་༢༠༢༤ ཟླ་༡༡ ནང་འོས་བསྡུ་བརྒྱུད་ཨ་རིའི་སྲིད་འཛིན་གསར་པ་དང་གྲོས་ཚོགས་འཐུས་མི་༤༣༥ འདེམས་རྒྱུ་ཡིན་འདུག། ད་བར་སྲིད་འཛིན་གྱི་འོས་མིར་ལངས་མཁན་ཇི་སྙེད་ཅིག་བྱུང་ཡོད་ཀྱང་། ད་ལྟའི་ལས་ཐོག་སྲིད་འཛིན་བྷ་ཌན་དང་སྲིད་འཛིན་ཟུར་པ་ཌོ་ནལ་ཊོམ་བར་འགྲན་བསྡུར་གྱི་རྣོ་ངར་ཇེ་ཆེར་འགྲོ་བཞིན་ཡོད་འདུག
དེ་བཞིན་ལོ་འདིའི་ཕྱི་ཟླ་༤ ནས་༥ ་པའི་ནང་འཛམ་གླིང་ཐོག་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་རྒྱ་གར་ནང་འཐུས་མི་༥༤༣ ཡོད་པའི་གྲོས་ཚོགས་འོག་མའི་འོས་བསྡུ་དེ་བསླེབ་རྒྱུ་ཡིན་པས་ད་ལྟ་ནས་རྒྱ་གར་གྱི་གཞུང་འཛིན་ཆབ་སྲིད་ཚོགས་པ་(BJP) ་དང་། ཕྱོགས་འགལ་ཚོགས་པ་གཉིས་ཀྱི་ཁོངས་གཏོགས་ཆབ་སྲིད་ཚོགས་པ་ཀུན་གྱིས་འོས་བསྡུ་དྲིལ་བསྒྲགས་ཀྱི་ལས་འགུལ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་འདུག གཞན་ཡང་ཕྱི་ལོ་༢༠༢༤ ལོ་ད་ལྟ་དམག་འཁྲུག་འགྲོ་བཞིན་ཡོད་པའི་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་སྲིད་འཛིན་གྱི་འོས་བསྡུ་དེ་ཡང་སླེབ་ཀྱི་ཡོད་པ་དང་། གནས་ཚུལ་དབྱེ་ཞིབ་པ་ཚོས། ཡུག་རེན་ལ་དམག་འཁྲུག་ལང་བཞིན་ཡོད་པས་མ་འོངས་པའི་འོས་བསྡུ་དེ་གཙང་མ་དང་དྲང་པོ། རང་དབང་དང་བདེ་འཇགས་ཡོད་པའི་འོས་བསྡུ་བྱེད་རྒྱུ་ཁག་པོ་ཡིན་རབས་བརྗོད་འདུག ཨུ་རུ་སུའི་ལས་ཐོག་སྲིད་འཛིན་གྱིས་ཁོང་ཉིད་སྲིད་འཛིན་འོས་བསྡུའི་ནང་མཉམ་ཞུགས་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཟིན་ཡང་། ཡུག་རེན་གྱི་སྲིད་འཛིན་གྱིས་གསལ་བསྒྲགས་སྤེལ་མེད་ཀྱང་། ཁོང་ཉིད་སླར་ཡང་འོས་བསྡུའི་ནང་ཆ་ཤས་ལེན་རྒྱུའི་འདོད་པ་ཡོད་རབས་བརྗོད་འདུག
གཞན་ཡང་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཁྲོད་གདོང་ཐུག་ཡང་ཡང་འབྱུང་ས་ཐའེ་ཝན་དང་། ཆབ་སྲིད་དང་དཔལ་འབྱོར་གྱི་དཀའ་ངལ་ཧ་ཅང་ཆེ་བའི་པ་ཀི་སི་ཐན། འོས་འདེམས་བྱེད་མཁན་མི་མང་ས་ཡ་༤༠༠ ལྷག་ཡོད་པའི་ཡུ་རོབ་གྲོས་ཚོགས་སོགས་ཀྱི་ནང་དུ་འོས་བསྡུ་འཁེལ་གྱི་ཡོད་འདུག
རྒྱལ་ཁབ་༧༠ ནང་ནས་འགའ་ཤས་དམངས་གཙོ་དང་འགའ་ཤས་མི་གཅིག་དབང་བསྒྱུར་རིང་ལུགས། འགའ་ཤས་དམངས་གཙོ་ཡིན་ཡང་གཞན་གྱི་གནོན་ཤུགས་ཡོད་པ་སོགས་སྣ་ཚོགས་ཤིག་ཡོད་ཀྱང་། འོས་བསྡུ་བརྒྱུད་འགོ་ཁྲིད་གསར་པ་བསླེབས་པ་དང་རྒྱལ་ཁབ་ཀྱི་སྲིད་བྱུས་སོགས་ལ་འགྱུར་བ་འགྲོ་བ་བཅས་འཛམ་གླིང་ཁྱོན་ཡོངས་ཀྱི་གནས་སྟངས་ལ་འགྱུར་བ་འགྲོ་སྲིད་པས། ཕྱི་ལོ་༢༠༢༤ ལོ་ནི་གལ་འགངས་ཆེ་བའི་འོས་བསྡུའི་ལོ་ཞིག་ཆགས་བཞིན་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།