འདས་པའི་ལོ་གསུམ་རིང་དཔོན་རིགས་༨༡ རང་ཤི་བརྒྱབ།
ཉེ་ཆར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་གསུམ་རིང་དཔོན་རིགས་༨༡ རང་ཤི་བརྒྱབ་པ་དང་། དེའི་ཁྲོད་ཀྱི་མང་ཤོས་དེ་སྔོན་ཀྲུའུ་ཡོང་ཁང་གི་སྟངས་འཛིན་འོག་ཡོད་པའི་སྲིད་ཁྲིམས་ལྷན་ཁང་ཁྱབ་ཁོངས་ཀྱི་མི་ཡིན་འདུག
རྒྱ་ནག་གཞུང་འབྲེལ་དུས་དེབ་<<དྲང་བདེན་ལྟ་ཞིབ་>> ཅེས་པའི་སྟེང་ཟླ་༥ ཚེས་༡༢ ཉིན་གནས་ཚུལ་སྤེལ་དོན། གཏན་ཁེལ་མིན་པའི་བསྡོམས་ཐོ་ལ་གཞིགས་ན། ༢༠༡༣ ལོའི་ཟླ་༡ ཚེས་༡ ནས་༢༠༡༥ ལོའི་ཟླ་༡༢ ཚེས་༣༡ བར། རྒྱ་ནག་སྐམ་སའི་བརྒྱུད་ལམ་ཁག་ཏུ་ཉུང་མཐར་ཡང་དཔོན་རིགས་༨༡ གིས་རང་སྲོག་གཅོད་པའི་དོན་རྐྱེན་གྱི་གནས་ཚུལ་ཐོན།
གནས་ཚུལ་ནང་མུ་མཐུད་འཁོད་དོན། རང་སྲོག་གཅོད་པའི་སེམས་ཁམས་ཀྱི་གཞུང་ལུགས་ལ་གཞིགས་ཏེ་བཤད་ན། འགལ་འདུ་གཉིས་ཁྲོད་ཀྱི་ཕྱོགས་གཅིག་འདོར་མི་ཐུབ་པའི་རྒྱུ་རྐྱེན་ལ་གདོང་ལེན་བྱ་དགོས་ཁེལ་པའི་སྐབས། སེམས་ལ་གཟོད་བསྲན་མི་ནུས་པའི་དཀའ་ངལ་འཕྲད་པ་དང་། སེམས་ཀྱི་སྡུག་བསྔལ་དང་གནོན་ཤུགས་ཀྱིས་རང་ཉིད་ཚེ་སྲོག་གཅོད་པའི་ལམ་བུ་བདམས་ཤིང་། མཐར་ལྷུང་གི་ལྟ་བས་རང་སྲོག་གཅོད་པའི་ལམ་ནས་འགལ་འདུ་སེལ་གྱི་ཡོད། དོན་དངོས་སུ་རང་ཤི་རྒྱག་མཁན་གྱི་དཔོན་རིགས་ཀྱི་སེམས་ལ་གཟོད་བསྲན་མི་ནུས་པའི་དཀའ་ངལ་ཡོད་པ་ཞིག་ཡིན།
རྩོམ་ཡིག་ནང་། དཔོན་རིགས་ནི་སྤྱི་དམངས་ཀྱི་གླ་པ་དང་སྤྱི་མི་ཞིག་ཡིན་པ་མ་ཟད། སྤྱི་དམངས་ཀྱི་ཆ་ཤས་ཤིག་ཀྱང་ཡིན་ལ་དཔལ་འབྱོར་གྱི་མི་སྣའང་ཡིན། འདི་ལྟ་བུའི་ཕྱོགས་ངོས་གཉིས་ཀྱི་འགལ་ཟླས་དཔོན་རིགས་ལ་སྤྱི་པའི་དབང་ཆ་སྒེར་སྤྱོད་ཀྱི་འདོད་རྔམ་བསླངས་ཤིང་། ངོ་གཉིས་ཡོད་པའི་མི་ཞིག་ཏུ་འགྱུར་སྲིད། དཔོན་རིགས་རྣམས་བསླུ་བྲིད་སྣ་ཚོགས་དང་གནོན་ཤུགས་ཆེན་པོའི་རུལ་རྒོལ་གྱི་སྟོབས་ཤུགས་གཉིས་བར། རྒྱུན་དུ་སེམས་ཁམས་འགལ་ཟླ་དང་ཆ་མི་སྙོམས་པའི་ཁྲོད་དུ་ལྷུང་སྟེ། ལས་སླ་མོའི་ངང་སེམས་ཁམས་ཀྱི་ཉེན་ཁ་ཚབས་ཆེན་འཕྲད་སྲིད་པ་དང་། རང་སྲོག་གཅོད་པ་ནི་དཀའ་ངལ་ལས་ཐར་ཐབས་ཀྱི་གདམ་ཁ་གཅིག་ཏུ་གྱུར།
ཨ་རིའི་ཀོ་ལམ་བྷི་ཡ་སློབ་གྲྭ་ཆེན་མོའི་ཆབ་སྲིད་རིག་པའི་འབུམ་རམས་པ་ལི་ཐའེ་ཞའོ་ཡིས་བརྗོད་རྒྱུར། རྒྱ་ནག་དམར་ཤོག་ཚོགས་པའི་རུལ་སུངས་ལ་ལོ་རྒྱུས་རིང་པོ་ཡོད་ཅིང་། དཔོན་རིགས་ཧ་ཅང་མང་པོ་ཞིག་རུལ་སུངས་ཀྱི་རྙོག་གླེང་ཁྲོད་གཏིང་ཟབ་ལྷུང་ཡོད། ཁོང་ཚོ་ཁྲིམས་ཐོག་ནས་གཙང་སེལ་བྱ་དོགས་ཀྱི་སེམས་འཁྲལ་འོག་རང་སྲོག་གཅོད་པའི་ལམ་དུ་ཞུགས་པ་ཡིན་ལ། རྒྱ་ནག་དམར་ཤོག་ཚོགས་པའི་ལམ་ལུགས་མཇུག་བསྡུས་བར་དུ་དཔོན་རིགས་རང་ཤི་རྒྱག་པའི་ལམ་སྲོལ་མཚམས་འཇོག་བྱ་མི་སྲིད།།
ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།