ཨ་རིའི་གྲོས་ཚོགས་འཐུས་མིའི་དུང་བརྡ།
ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་ད་ལྟ་ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ཤིག་དམ་འཛིན་བྱེད་བཞིན་ཡོད་པ་དེ་ལ་འགྱུར་བ་གཏོང་སྟེ་ ཐེ་ཝན་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་དགོས་པའི་གྲོས་གཞི་ཞིག་གྲོས་ཚོགས་ཀྱི་ནང་ངོ་སྤྲོད་གནང་ཡོད་འདུག
ཐད་ཝན་ནི་དུས་ནམ་ཡང་རྒྱ་ནག་གཞུང་གི་འཛིན་སྐྱོང་འོག་ཚུད་མེད་པ་དང་། དེ་སྔོན་ཀྲུང་གོ་དང་ཨ་མེ་ཀ་གཉིས་ཀྱི་བར་དུ་བྱུང་བའི་གྲོས་ཆོད་ཤིག་གི་ནང་དུ་ཐད་ཝན་ཀྲུང་གོའི་ཆ་ཤས་ཡིན་པ་དང་། རྒྱ་ནག་གཅིག་གི་སྲིད་ཇུས་འཛིན་པ་དེ་ནི་གྲོས་ཚོགས་དང་ཐད་ཝན་མི་དམངས་ལ་གོ་བསྡུ་གང་ཡང་མ་བྱས་པར་གཏན་འབེབས་བྱས་པ་ཞིག་ཡིན་པར་མ་ཟད། དེ་ནི་དུས་ཚོད་ཡོལ་ཟིན་པའི་སྲིད་ཇུས་བེད་མེད་ཤིག་ཡིན་པར་བརྟེན་ཐད་ཝན་ནི་ལོ་བརྒྱ་ཕྲག་ཕྱེད་ཁ་ཙམ་གྱི་རིང་རང་བཙན་དང་བདག་དབང་ལྡན་པའི་རྒྱལ་ཁབ་ཤིག་བྱས་ཏེ་གནས་པའི་དོན་དངོས་དེ་མཚོན་གྱི་ཡོད་པ་མ་རེད།
སྲིད་འཛིན་ཨོ་བྷ་མའི་ཆབ་སྲིད་འཛིན་སྐྱོང་ཁང་གི་གཞི་རྩའི་ཆ་ནས་སྐྱོན་ཡོད་པའི་རྒྱ་ནག་གཅིག་གི་སྲིད་ཇུས་འཛིན་པ་དེ་ལ་ངོས་པ་ཏུ་འགྱུར་བ་གཏོང་དགོས། དེའི་ཚབ་ཏུ་དོན་དངོས་དང་འཚམ་པའི་རྒྱ་ནག་གཅིག་དང་ཐད་ཝད་གཅིག་གི་སྲིད་ཇུས་ཤིག་འཛིན་སྟེ་ཐད་ཝན་དེ་བཞིན་དམངས་གཙོ་མ་ཡིན་པའི་ཀྲུང་ཧ་མི་དམངས་སྤྱི་རྒྱལ་ཁབ་དང་ཐ་དད་ཡིན་པ་དང་། རང་བཙན་དང་བདག་དབང་ལྡན་པའི་རྒྱལ་ཁབ་ཤིག་ཡིན་པར་ངོས་འཛིན་བྱེད་དགོས་པ་ཡིན་ཞེས་བཀོད་ཡོད་པ་དང་། དེ་བཞིན་ཐད་ཝན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དུ་འཛུལ་བཞུགས་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཅེས་ཀྱང་བཀོད་ཡོད་པ་རེད།
༡༩༧༩ལོ་ནས་བཟུང་སྟེ་ཨ་མེ་ཀས་ལག་སྟར་བྱེད་བཞིན་པའི་རྒྱ་ནག་གཅིག་གི་སྲིད་ཇུས་འདི་མཇུག་སྒྲིལ་རན་པའི་དུས་ལ་སླེབས་ཡོད་པ་དང་། ཐད་ཝན་ནང་དུ་ཨ་མེ་ཀའི་གཞུང་ཚབ་ཁང་འཛུགས་མི་ཐུབ་པ་གང་ཡིན་མ་རེད་ཅེས་དང་། ཐད་ཝན་ནི་དམངས་གཙོ་དར་རྒྱས་ཆེ་བའི་ཡུལ་ལུང་ཞིག་ཡིན་པ་ཙམ་མ་ཟད་ཨ་མེ་ཀའི་མཐུན་ཕྱོགས་ཤིག་ཀྱང་རེད་ཅེས་སོགས་འགྲེལ་བརྗོད་བྱས་ཡོད་འདུག
གནད་དོན་འདི་ལ་བལྟས་ན་གྲོས་གཞི་འདིར་ལེགས་གྲུབ་ཡོང་མིན་མི་ཤེས་ཀྱང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་བཞིན་པའི་སྔོན་བརྡ་བཏང་ཞིག་རེད་འདོད། ཀྲུང་ཡ་སྲིད་གཞུང་གིས་འབད་བརྩོན་ཡུན་རིང་བྱས་ནས་རྒྱ་ནག་གཅིག་གི་སྲིད་ཇུས་འདིར་འཛམ་གླིང་རྒྱལ་ཁབ་ཁག་གི་ངོས་ལེན་ཐབས་བྱས་པ་རེད། གནད་དོན་འདིའི་འོག་ནས་བོད་རང་བཙན་ཡོང་ཐབས་མེད་པ་དང་། བོད་རྒྱལ་ཁབ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དུ་དེབ་སྐྱེལ་བྱས་དཀའ་ངལ་ཆགས་པ་རེད་འདོད། རྒྱ་ནག་གཅིག་ཅེས་པའི་སྲིད་ཇུས་འདི་ལ་འགྱུར་བ་ཕྱིན་ན་བོད་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དུ་འཛུལ་ཞུགས་བྱ་ཆོག་གི་རེད་འདོད་ལ་ཨ་རི་དང་ཡུང་རོལ་བཅས་དམངས་གཙོའི་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་བྱ་ངེས་རེད་འདོད། བོད་ཀྱི་ཆབ་སྲིད་ལམ་ཕྱོགས་ཡང་འགྱུར་བ་གཏོང་དགོས་པའི་དུས་ལ་སླེབས་ཀྱི་ཡོད་པའི་དུང་བརྡ་ཞིག་རེད་འདོད།། མ་ཟད་བོད་རྒྱ་ཆེ་མི་དམངས་ཀྱིས་ངོས་ནས་ཀྱང་བོད་འདི་རྒྱ་ནག་མངའ་ཁུངས་མིན་པར་ཨ་མེ་ཀའི་རྒྱབ་སྐྱོར་ཐོབ་པ་ལ་འབོད་བརྩོན་ཇེ་མཐོ་བྱེད་རན་འདུག་པ་འདོད།
