ཡོང་ཞོར་ཞིག་གི་བསམ་ཚུལ།

དེ་རིང་ཡང་འདི་ནས་དྲ་ལམ་ཏུ་འགྲོ་ཞོར་བང་ཆེན་ཚང་ལ་འཛུལ་ཏེ་གསར་འགྱུར་རྣམས་ཚར་གཅིག་བཀླགས་རྗེས་ཟིན་བྲིས་པ་ཚོར་ལྟ་སྐོར་ཞིག་ཡོང་བ་ཡིན། ཟིན་བྲིས་འཇུག་སྒོའི་མགོ་ལ་ཙི་མདའ་གཏད་ནས་གཅིག་མནོན་མ་ཐག་ནག་པོ་ནར་གཟུགས་ཅན་ལེབ་ལེབ་ཡུག་གཅིག་ཐུར་དུ་དཔྱངས་སོང་། སྔར་དང་མ་འདྲ་བ་འདི་བསམ་ནས་ག་ལེར་གཅིག་ལྟ་དུས་དྲ་གྲོགས་ཟིན་བྲིས་པ་ངོ་ཤེས་དང་མ་ཤེས་པའི་མིང་ཁ་ཤས་བང་ཏུ་སྟར་བཞག་པ་ཞིག་རེད་འདུག་པས། ད་གཟོད་བང་ཆེན་ཟིན་བྲིས་བསྐྱར་གསོན་བྱ་ཐབས་ཀྱི་ལས་གཞི་རྣམ་པ་གསར་པ་ཞིག་བཟོས་པ་ཡིན་པ་ཧ་གོ་བྱུང་།

དངོས་གནས་རྩོམ་པ་པོ་འདི་དག་གིས་རྩོམ་ཡིག་རྣམས་བོར་བརླག་མ་སོང་བར་བཞིག་གསོ་ཐུབ་པ་འདིར་ཧ་ཅང་དགའ་ཚོར་བྱུང་། ཡིན་ནའང་དེ་དང་མཉམ་དུ་ལྷག་བསམ་དཀར་པོས་རང་གི་བསམ་ཚུལ་འགའ་བཤད་འདོད་བྱུང་། ཟིན་བྲིས་འཇུག་སྒོའི་ངོས་ཀྱི་གྲུ་བཞི་ནར་གཟུགས་ལེབ་མོ་དེ་ཁ་ཐུར་ཀློད་ཀྱིས་ཟུར་མཐའི་བར་སླེབས་ན་མཛེས་པོ་ཞིག་དང་སྟབས་བདེ་ཞིག་ཡོང་ས་མ་རེད་ལ། དེའི་ནང་དུ་ད་ལྟ་དང་མ་འོངས་པའི་ཟིན་བྲིས་པ་ཚང་མ་ཤོང་ཚོད་ཀྱང་མི་འདུག དཔེན་ན། དུས་བབ་དྲ་ཚིགས་སྒང་གི་བྲིས་ལྟ་བུར་མཚོན་ན་ཧ་ཅང་སྟབས་བདེ་རེད། དྲ་ངོས་གསར་པ་ཞིག་གི་ནང་དུ་ཟིན་བྲིས་པ་རེ་རེར་བཞིན་གསར་རྙིང་དང་མང་ཉུང་ལ་གཞིགས་ཏེ་གོ་རིམ་བཞིན་བསྒྲིགས་ཡོད་པ་དང་། ཟིན་བྲིས་སྤེལ་གསར་རྙིང་དང་བཀླགས་མང་ཉུང་ནི་ཐད་ངོས་ཀྱི་ལག་གཡོན་ཟུར་དུ་ལྟ་ས་ཡོད་པ་ཞིག་རེད། དྲང་པོར་ཞུས་ན་བང་ཆེན་དྲ་རྒྱ་འདིར་ད་དུང་ལེགས་ཆ་བླང་དགོས་ས་མང་པོ་ཞིག་འདུག་དྲན་བཞིན་ཡོད། དཔེན་ན། བང་ཆེན་དྲ་རྒྱ་རུ་ཐོག་མར་ཡར་འཛུལ་ཡོང་དུས་རྒྱ་བོད་དབྱིན་གསུམ་འདྲེས་པའི་ངོས་ཤིག་ཤར་ཡོང་གི་འདུག ལོ་ཁ་ཤས་ཤིག་གི་སྔོན་ནས་དེ་འདྲ་རེད། དང་པོ་ངོས་གཙང་བོད་ཡིག་རྐྱང་པ་ལྟ་བུ་ཞིག་མངོན་ཐུབ་ན་ཡག་པོ་འདུག སྐད་ཡིག་རིམ་པས་གདམས་ལེན་བྱ་ཆོག་པ་ཞིག་རེད། ད་དུང་དྲ་རྒྱ་འདིའི་ཟིན་བྲིས་ནི་ཐེངས་མང་འགག་འགྲོ་བ་དང་དྲ་འབུའི་གཏོར་རྒོལ་ཡང་ཡང་ཐེབས་ས་ཞིག་རེད། འདི་ནི་ནད་དུག་ཉེན་འགོག་སྲུང་སྐྱོབ་ཡག་པོ་མེད་པ་དང་དྲ་རྒོལ་ཆེད་ལས་པས་ནད་དུག་བཏང་མི་དགོས་པར། སྤྱིར་བཏང་གི་དྲ་ལམ་དུག་རླངས་ཙམ་ཡང་སྔོན་འགོག་བྱ་ཐུབ་མེད་པའི་རྟགས་རེད། གཞན་བང་ཆེན་ཟིན་བྲིས་གཅིག་པོར་ན་ཚ་ཕོག་དགོས་དོན་མེད། དྲ་བཀོད་བསྐྱར་བཟོ་དགོས་ན་དཀའ་ཁག་ཡོད་སྲིད་མོད། དྲ་འགོད་ཆེད་མཁས་ཤིག་གི་ལག་ཏུ་བཞག་ན་ཐབས་ལམ་མེད་པ་ཞིག་ཀྱང་ཡིན་མི་སྲིད་པས། དེ་ནི་རང་ཉིད་དྲ་རྒྱ་ལྟ་ཀློག་མཁན་ཞིག་གི་ངོས་ནས་བསམ་འཆར་ཙམ་ཞུས་པ་ཡིན།