༄༅།། གསེར་རྟ་བསོད་དར་ལ་ཕུལ་བའི་ཡིག་འཕྲིན་གསེར་སྦྲང་སེར་པོའི་གཤོག་སྒྲ།
༄༅།། གསེར་རྟ་བསོད་དར་ལ་ཕུལ་བའི་ཡིག་འཕྲིན་
གསེར་སྦྲང་སེར་པོའི་གཤོག་སྒྲ།
མཁའ་མཐའི་རྒྱུ་སྐར་ལ་མིག་ཟུང་གཏད་དེ།།
དྲན་གདུང་ལྷོ་སྤྲིན་གྱི་ཆར་རྒྱུན་གསེབ་ནས།།
རྒྱང་བཞུགས་ཆོས་གྲོགས་ལ་ལགས་སྐྱེས་བཏང་པ།།
ཁྱེད་ཀྱི་སྐུ་དྲུང་ལ་བབས་པ་ཨེ་བྱུང།།
རི་བོ་ཧི་མ་ལའི་བྱང་མཐའ་འདི་ནས།།
ཆབ་སྲིད་ཆོ་ག་ཡི་གཡུར་འགྱེད་བྱེད་ས།།
རྡ་སའི་རི་ལྗོན་གྱི་ནགས་ལོའི་འོག་ནས།།
སྡོམ་གཙང་ཆོས་གྲོགས་དེ་སེམས་ནས་དྲན་ཐལ།།
ཤེས་རབ་མེ་ལྕེ་ཡི་རིག་ལམ་རྣོན་པོ།།
ཤེས་རིགས་འོད་སྣང་གི་གྲོགས་བཟང་ཅན་པོ།།
མི་གཞི་བརྟན་པོ་ཡི་སེམས་བཟང་ཅན་པོ།།
རྡ་སའི་རི་འདབས་ནས་དྲན་པ་གྲངས་མེད།།
ཕ་རིའི་ལབ་རྩེ་ཡི་འདབ་རོལ་འདི་ནས།།
གྲོགས་བཟང་ཁྱེད་ཉིད་ཀྱི་ནི་ཐུགས་བཞེད་འགྲུབ་ཕྱིར།།
གེ་སར་ལྷ་བསང་གི་གསོལ་མཆོད་བཏང་སྟེ།།
དུད་སྤྲིན་དཀར་པོ་དེ་དགོང་ལ་འཁྱིལ་སོང་།།
སེམས་ཀྱི་གྲོགས་བཟང་གི་དུང་བ་ཟབ་མོ།།
རྒྱ་མཚོའི་ཕར་ཕྱོགས་ནས་ལྡང་བའི་རླབས་སྒྲ།།
མདང་སུམ་རྨི་ལམ་གྱི་ཞིང་ནས་ལྡིར་བ།།
དེ་རིང་སེམས་ངོགས་སུ་ཡང་ཡང་འཁོར་བྱུང་།།
བྱང་ཕྱོགས་རྡ་རམ་གྱི་རི་ལྗོངས་འདི་ནས།།
དུང་སེམས་དཀར་པོ་དེ་མཚོན་པའི་ཆེད་དུ།།
སྤྲིངས་པའི་འཕྲིན་ཐུང་གི་ལོ་རྒྱུས་ལྡེབ་གཅིག།།
གྲོགས་ཁྱེད་སྐུ་མདུན་ལ་བསྐུར་པ་འདི་ཡིན།།
གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་བོད་ཀྱི་
རྒྱལ་ས་གཉིས་པ་བྱང་ཕྱོགས་ཧི་ལ་ཡི་གནས་མཆོག་ནས་ཆོས་གྲོགས་རྙིང་པ་གསེར་རྟ་
དགེ་རྩེ་ཁང་དམར་དགོན་ནས་སློབ་དགེ་བསོད་དར་ལ་སུག་བྲིས་བགྱིས་སོ།། ༢༠༡༢ ༨ ༢༣
