༧རྒྱལ་བའི་བཀའ་སྒེར་གྱི་དགོས་མཁོ་དང་བསྟུན་ནས་འགྲེལ་བརྗོད་བྱེད་ཀྱི་འདུག

༧གོང་ས་མཆོག་གིས། ལ་དྭགས་དང་ཨི་ཊ་ལའི་རྒྱལ་ཁབ་བཅས་ཀྱི་ནང་། བོད་གཞུང་གི་མིང་ལ་སྒྱུར་བཅོས་སོང་བ་དེར་ཁ་གཡར་ནས། བོད་གཞུང་བསྡུ་གསོག་བརྒྱབ་པ་རེད་ཅེས་མི་འགའ་རེས་བཤད་འདུག་པར་ཐུགས་ཕམ་བྱུང་ཞེས་བཀའ་ཕེབས་ཡོད་པ་དེ། དྷ་སའི་མི་ཆེན་དཔོན་པོ་འགའ་རེ་དང་ཚོགས་སྐྱིད་འགའ་རེས་གོ་སྐབས་དེ་ཟིན་ནས། ཚོགས་སྡེ་དང་མི་སྒེར། ཆོལ་ཁོངས་ཀྱི་གནད་ཡོད་མི་སྣར་སྐྱོན་འཛུགས་བྱེད་ཆེད་དུ། ཆོལ་ཁོངས་དེ་དང་དེའི་མི་འདྲ་མིན་བེད་སྤྱད་ནས་འགྲེལ་བཤད་སྣ་ཚོགས་རྒྱག་བཅུག་དང་བཅུག་བཞིན་འདུག་་་་་་་་་་་་་་་་

༧གོང་ས་མཆོག་གིས་ལ་དྭགས་སོགས་སུ་བཀའ་གང་དང་གང་ཕེབས་ཡོད་མེད་བརྒྱུད་ལམ་ཁག་ནས་གསལ་པོ་ཉན་ཐུབ་ཀྱི་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་སྤེལ་བའི་གསར་འགོད་བསྒྲགས་གཏམ་དང་། བཀའ་ཁྲི་མཆོག་གིས་མང་གཙོ་དུས་ཆེན་ཉིན་བསྩལ་བའི་བཀའ་སློབ་ཁག་ནས། ༧གོང་ས་མཆོག་གི་དགོངས་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གསལ་འདོན་གནང་འདུག དེ་མིན་རང་བཙན་རྩོད་མཁན་གྱི་སྒྲིག་འཛུགས་དང་རང་བཙན་ལ་འདོད་མོས་ཡོད་མཁན་གྱི་སྤྱི་འཐུས་ཟེར་བ་སོགས། འཆལ་གཏམ་སྣ་ཚོགས་སྤེལ་བཞིན་པ་ཚོའི་རྒྱབ་ལྗོངས་ལ་ཞིབ་འཇུག་མ་བྱས་པར་མདུན་མཆོངས་བྱེད་རྒྱུ་མང་དྲགས་ན། སྤྱི་ཚོགས་ཐུག་པ་དཀྲུག་དཀྲུག་དཀྲུག་མི་སྲིད་པ་མིན་པས་ཀུན་གྱི་ཡིད་གཟབ་བྱེད་དགོས་བསམ། དེང་སྐབས་བསྐྱར་དུ་ཚོགས་པ་གསར་རྙིང་ཟེར་བ་སོགས་ཀྱི་སྐད་ཆ་མང་དུ་འགྲོ་བཞིན་འདུག་པ་དེ་ནི། མགོ་ནག་མིའི་ཆོལ་ཁ་ལ་མི་དགོས་པའི་གཏམ་ཁོ་ནར་ཟད་དོ།

ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་དང་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ། ཁྲི་ཟུར་བསྟན་འཛིན་རྣམ་རྒྱལ། བཀའ་ཁྲི་བློ་བཟང་སེང་གེ་སོགས་གཞོན་ནུ་ཚོགས་པའི་ཕྱག་ལས་གནང་ནས་ཕེབས་པ་ཤ་སྟག་རེད། དུས་དེ་དང་དེར་རང་བཙན་གྱི་ལྟ་བ་འཁྱེར་ཡོད་པ་དང་། བོད་གཞུང་གི་ལས་གནས་ཐོག་སླེབས་དུས་རང་ལྟ་ཟུར་དུ་བཞག་ནས་གཞུང་གི་ལངས་ཕྱོགས་ཐོག་ཤར་བསྐྱོད་བྱས་དང་བྱེད་བཞིན་པ་རེད། རང་ཉིད་སྒེར་གྱི་བསམ་བློ་དང་། གཞུང་དང་མི་མང་གིས་དབང་སྐུར་བའི་གོ་གནས་ཐོག་གི་ལས་ཀ་བྱེད་སྟངས་གཉིས་ཁ་ཁ་སོ་སོ་ཡིན་ཚོད་འདུག  དབུ་མའི་ལམ་ཁ་ལ་འཁྱེར་མཁན་བོད་གཞུང་ལ་རྒྱབ་འགལ་བྱེད་མཁན་གྱི་མི་ཆེན་དང་། འདིའི་རྗེས་སུ་འབྲང་བའི་དྷ་སའི་ཚོགས་པ་འགའ་རེ། འཆལ་གཏམ་དང་དཀྲུག་ཤིག་གི་གཞི་འབྱུང་ས་གཙོ་བོ་ཡིན་པ། འདི་དག་གི་འདས་པའི་ལོ་རྒྱུས་ལ་ལྟོས་དང་གསལ་པོ་ཤེས་ཀྱི་རེད།