༼བརྩེ་བའི་མ་ཡུམ་ལགས༽

༼བརྩེ་བའི་མ་ཡུམ་ལགས༽
དོ་ནུབ་ངས་དམར་ལམ་ལམ་གྱི་སྒྲོན་འོད་དང
གྲང་བསིལ་བསིལ་གྱི་ཟླ་འོད་འོག་ནས
དྲན་གདུང་དང་ཕྱིར་དྲན་གྱི་ཁྲོད་ན

སེམས་དུང་དུང་དང
དྲན་ལྷང་ལྷང་གི་ངང་ནས
དེང་སང་ཧ་ཅང་གི་དར་ཁྱབ་ཆེ་བའི
འཕྲིན་ཕྲན་དྲྭ་ལམ་བརྒྱུད་ནས
ཉེ་ཆར་སྤུན་ཟླས་བཏང་བྱུང་བའི

ཁྱེད་ཀྱི་སྣང་བརྙན་ལ་ལྟ་གིན་ཡོད

ཡིན་ནའང

འུ་གཉིས་ཁ་གྱེས་ནས

ལོ་ཡི་འཁོར་མོ་དགུ་ལས་ཟིན་མེད་ན་ཡང

ཁྱེད་ཀྱི་སྐྲ་ལོ་ལ

དར་དཀར་གྱི་མདངས་མངོན་ཞིང

མཛེས་པའི་ཞལ་རིས་ལ

རྩ་ཐང་སྟེང་གི་བགྲོད་ལམ་ལྟ་བུའི

རྒས་གཉེར་གྱི་རྣམ་པ་འཆར་སྐབས

ངས་ཅི་ཞིག་བརླག་སོང་སྙམ་པའི་ན་ཟུག་དང

གང་ཞིག་བོར་སོང་བའི་ཕངས་སེམས་ཤིག་གི་ཟོལ་གྱིས
ངའི་ལུས་པོ་ཡོངས་རྫོགས་སྦྲིད་ཀྱང

སྨྲ་མི་ཤེས་པའི་ཚོར་སྣང་ཞིག་གིས

ང་ཧང་སང་རུ་བཅུག་སོང

བརྩེ་བའི་མ་ཡུམ་ལགས

བསམ་མེད་ལས་དབང་འདིའི

གོ་སྒྲིག་འོག་ལ

འུ་གཉིས་རེ་ཞིག་མཉམ་འཛོམས་ཀྱི

གོ་སྐབས་ཕྲ་ན་ཡང

ཡུན་མི་འགྱངས་བར་མ་བུ་མཉམ་འཛོམས་ཀྱི

དགོད་སྒྲ་སྒྲོག་པའི་རེ་སྨོན་བྱེད་ཀྱིན་ཡོད

དོ་ནུབ
ངའི་མདུན་ངོས་ཀྱི

ལྗོན་ཤིང་དེ་དག་གིས

བསམ་མེད་ལས་དབང་ལ

ལེ་བརྡ་བྱེད་ཀྱིན

འུ་གཉིས་ལ་གདུང་སེམས་མཉམ་སྐྱེད་ཀྱི

ཚུལ་དུ་མགོ་བོ་བཏུད་དེ་མིག་ཆུ་གཏོང་གིན་འདུག

ངའི་ཉེ་འཁོར་གྱི་བྱ་བྱེའུ་དག་གིས་ཀྱང

མ་བུ་ཁ་བྲལ་གྱི་སྡུག་བསྔལ་གྱིས

མནར་གྱིན་པའི་འུ་གཉིས་ལ

གདུང་སེམས་མཉམ་སྐྱེད་ཀྱི་ཆེད་དུ

ངག་བཅད་བྱེད་ཀྱིན་འདུག

བརྩེ་བའི་མ་ཡུམ་ལགས

ངའི་མགོ་ཐོག་གི

གྲང་བསིལ་བསིལ་གྱི་ཟླ་བ་འདི་ཁྱེད་ཡིན་ན

ངའི་ཁ་གཏད་ཀྱི

དམར་ལམ་ལམ་གྱི་སྒྲོན་འོད་དེ་ཁྱེད་ཡིན་ན

ངས་ཁྱེད་ཀྱི་བྲང་གཞུང་ལ

མགོ་བོ་གླན་ཏེ་ཡུལ་གྱལ་བའི་གནས་སྟངས་དེ

ངོ་སྤྲོད་བྱེད་ན་འདོད

བརྩེ་བའི་མ་ཡུམ་ལགས

ཁྱེད་ད་དུང་ཡུན་ཏུ་འཚོ་རོགས ༢༠༡༣ ༢ ༢༨