ང་དང་བལ་ཡུལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན།
བལ་ཡུལ་དུ་ཡོད་པའི་བོད་མི་ཚོས་སུམ་བཅུའི་དུས་དྲན་དང་༧སྐུའི་འཁྲུངས་སྐར་སོགས་བརྩི་སྲུང་གནང་སྐབས། བལ་ཡུལ་གཞུང་གིས་དམ་དྲག་ཇི་ལྟར་བྱས་དང་བྱེད་བཞིན་པ་དང། དེའི་ཐོག་ད་ལྟའི་སྐབས་བལ་ཡུལ་སྲིད་གཞུང་ཉིན་རེ་བཞིན་འགྱུར་ལྡོག་སོང་ནས། ཆབ་སྲིད་ཚོགས་པ་སྣ་ཚོགས་ཀྱིས་སྲིད་གཞུང་ལ་ཐད་ཏོག་བྱེད་བཞིན་ཡོད་པས་སྲིད་གཞུང་སྲ་བརྟན་མེད་པའི་སྐབས། རྒྱ་ནག་གཞུང་ཕྱོགས་ནས་བལ་ཡུལ་གཞུང་དང་འབྲེལ་ཡོད་ཆབ་སྲིད་ཚོགས་པ་ཁག་ལ་འགྲོ་གྲོན་བཏང་སྟེ། གཙོ་བོ་བལ་ཡུལ་དུ་ཡོད་པའི་བོད་མི་ཚོར་རྒྱ་རྒོལ་གྱི་ལས་འགུལ་གང་ཞིག་སྤེལ་ཡང་དམ་དྲག་བྱེད་དགོས་པའི་ཆ་རྐྱེན་བཏོན་ཡོད་པས། བོད་མི་ཚོས་ལས་འགུལ་སྤེལ་སྐབས་མི་མང་པོ་འཇུ་བཟུང་བྱེད་ཀྱི་ཡོད་པ་དང། ཉེ་སྔོན་བལ་བོད་ཀྱི་ས་མཚམས་སུ་བལ་ཡུལ་གཞུང་དམག་མང་དུ་བཏང་ཡོད་པ་དེར་འགྲོ་གྲོན་རྒྱ་གཞུང་གིས་བཏང་སྟེ། བོད་ནས་གསར་དུ་ཡོང་མཁན་མང་པོ་ཞིག་ལ་དཀའ་ངལ་འཕྲད་པ་དང་མང་པོ་ཞིག་འཇུ་བཟུང་ཡང་བྱས་ཡོད་པ་རྣམས་ལ། རྒྱལ་སྤྱིའི་བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་གི་ངོས་ནས་དེ་དག་རོགས་རམ་གང་ཐུབ་བྱེད་བཞིན་ཡོད་པ་དང། གྲུབ་འབྲས་ཀྱང་གང་འཚམས་སོན་སོང་ཞེས་སོགས་གསུང་བྱུང།
དེང་སྐབས་བལ་ཡུལ་དུ་བོད་མི་ན་གཞོན་ཚོར་ཁྲིམས་མཐུན་ཡིག་ཆ་སྐྱབས་བཅོལ་ལག་དེབ་RC ཕྱི་ལོ་༡༩༩༥ ནས་བཟོ་རྒྱུ་བཀའ་འགོག་བྱས་ཡོད་པ་དང་། ད་དུང་ཡང་བཟོ་མི་ཐུབ་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པས། ལག་དེབ་འདི་མེད་ན་སློབ་མཐར་ཕྱིན་རུང་ལས་ཀ་འཚོལ་མི་ཐུབ་པའི་དཀའ་ངལ་དང་། ཁ་ལོ་བའི་ལག་འཁྱེར་སོགས་ཀྱང་བཟོ་མི་ཐུབ་པའི་དཀའ་ངལ་འདུག་པས། ད་ལྟའི་སྐབས་སྐྱབས་བཅོལ་ལག་འཁྱེར་བཟོ་བའི་ཐབས་ལམ་ཞིག་འཚོལ་ཐུབ་ཀྱི་རེད་དམ་ཞུས་པས། ཁོང་གིས། ད་ལྟའི་སྐབས་ཐབས་ལམ་འཚོལ་ཁག་པོ་རེད་ཅེས་གསུང་བྱུང།བལ་ཡུལ་གཞུང་གིས་བོད་མིའི་ཐོག་ཆབ་སྲིད་ཀྱི་སྲིད་བྱུས་འཛིན་སྟངས་ཐོག་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་གི་རེད་དམ་ཞུས་པར། ཁོང་གིས། སྤྱིར་བལ་གཞུང་གིས་བོད་མིའི་གནས་སྟངས་ཀྱི་ཐོག་ལ་སྲིད་བྱུས་གཏན་འབེབས་གང་ཡང་མེད་པ་དང། ད་ལྟའི་སྐབས་བལ་ཡུལ་གྱི་ཆབ་སྲིད་བརྟན་ལྷིང་མེད་པའི་ཐོག ཟླ་གྲངས་༦ རེ་བཞིན་སྲིད་གཞུང་ལ་འགྱུར་བ་འགྲོ་བཞིན་པའི་སྐབས་འདིར། བོད་མིའི་ཐོག་ཆབ་སྲིད་ཀྱི་སྲིད་བྱུས་འཛིན་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུ་ཁག་པོ་རེད་ཅེས་གསུངས་བྱུང། ང་ཚོས། འདས་པའི་དུས་ཡུན་ནང་ཁྱེད་རྣམས་ཀྱི་བོད་མི་ཚོར་རྒྱབ་སྐྱོར་ཧ་ཅང་གནང་ཡོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང། མ་འོངས་པའང་བོད་མི་ཚོ་དང་བོད་པའི་གནས་སྟངས་ལ་རྒྱབ་སྐྱོར་མུ་མཐུད་ནས་གནང་རོགས་ཞེས་རེ་སྐུལ་ཞུས་ཡོད།
བལ་ཡུལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་སྐུ་ཞབས་ sudip pathak སཱ་དྷིབ་པཱ་ཐཱག་མཆོག་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་བརྒྱུད་ནས་རྒྱལ་ཁབ་མང་པོའི་ནང་ཕྱག་ལས་གནང་མྱོང་མཁན་ཞིག་ཡིན་པ་དང། ཁོང་གི་གཤིས་རྒྱུད་འཇམ་ལ་སྨྲ་བརྗོད་མགྱོགས་དལ་འཚམས་ཤིང་གནད་ལ་འཁེལ་བ། གཟུགས་བྱད་དང་རྣམ་འགྱུར་སོགས་གཞན་དོན་གྱི་ལས་འགུལ་བའི་ཁྱད་ཆོས་ཚང་བའི་ཤེས་ལྡན་ཅན་གྱི་རྣམ་པ་མངོན་འདུག ཁོང་གིས་བོད་ནས་གསར་དུ་འབྱོར་མཁན་བལ་ཡུལ་གྱི་ཉེན་རྟོག་པས་འཇུ་བཟུང་བྱས་པ་མང་པོ་ཞིག་གློད་གྲོལ་ཡོང་ཐབས་སུ་འབད་བརྩོན་གནང་ཡོད་པ་དང་གྲུབ་འབྲས་ཀྱང་མང་པོ་ཐོན་འདུག དེ་བཞིན་བདུན་གཅིག་གི་སྔོན་དུ་དྭང་བླང་འབྲེལ་མཐུད་པ་འཕྲིན་ལས་བླ་མའི་གསར་འགོད་གསལ་བསྒྲགས་ལ་ཁ་གཡར་ནས་བལ་ཡུལ་ཉེན་རྟོག་པས་བཀག་ཉར་བྱས་སྐབས་དང། ཡང་ཉིན་གསུམ་གྱི་སྔོན་དུ་རྒྱ་ནག་གི་དཔོན་པོ་་་་་་ Mr.Zohu Yongkang, a standing committee member of Political Bureau of the Communist Party of China and Secretary of Political and Legislative Affairs of the CPC, in Nepal; བལ་ཡུལ་དུ་རྒྱལ་དོན་འཚམས་གཟིགས་ལ་ཡོང་སྐབས་བོད་མི་ཚོས་ངོ་རྒོལ་བྱས་ནས་འཇུ་བཟུང་བཀག་ཉར་བྱས་ཡོད་པ་རྣམས། འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་མཆོག་གིས་གློད་གྲོལ་ཡོང་ཐབས་སུ་འབད་བརྩོན་གནང་ཡོད་པ་བལ་ཡུལ་གྱི་བརྒྱུད་ལམ་ཁག་ཏུ་བསྒྲགས་ཡོད།
