ཧྥ་རན་སིའི་(Musée Guimet)འགྲེམས་སྟོན་ཁང་གི་སྤྱི་ཚོགས་དྲྭ་བའི་ཐོག་བོད་པ་ཚོས་ངེས་པར་དུ་མཆན་འགོད་དགོས་པའི་འབོད་སྐུལ།
ཉེ་ཆར་ཧྥ་རན་སིའི་རྒྱལ་སར་རྟེན་གཞི་བྱས་པའི་འགྲེམས་སྟོན་ཁང་གཉིས་ནང་དུ་ཡོད་པའི་བོད་པའི་དངོས་རྫས་རྣམས་ཀྱི་དཀར་ཆག་ནང་ཤིས་ཙང་(Xi Zang)ཞེས་པར་བསྒྱུར་ཏེ་དབྱིན་ཡིག་ནང་ཡོངས་གྲགས་ཡིན་པའི་(Tibet)ཞེས་པ་དེ་བེད་སྤྱོད་མ་བྱས་པར་བརྟེན། བོད་མི་ཚོས་ངོ་རྒོལ་དང་སྐད་འབོད་བྱས་ཡོད། འགྲེམས་སྟོན་ཁང་གཅིག་གིས་ནོར་འཁྲུལ་ངོས་ལེན་གྱིས་བོད་མི་ཚོའི་རེ་འདུན་ལྟར་བསྒྱུར་བཅོས་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། (Musée Guimet)ཟེར་བའི་འགྲེམས་སྟོན་ཁང་དེར་ངོ་རྒོལ་དང་ཞུ་ཡིག་ག་ཚོད་ཕུལ་ཡང་།
བོད་ཀྱི་སྡེ་ཚན་གྱི་མིང་ཚབ་ཏུ་ཧི་མ་ལ་ཡའི་འཇིག་རྟེན་ཞེས་བསྒྱུར་ཡོད་པ་དེ་ལས་འགྱུར་བ་བཏང་མེད་པར་བརྟེན། ཧྥ་རན་སིར་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་བོད་མི་ཚོས་འགྲེམས་སྟོན་ཁང་དེའི་སྤྱི་ཚོགས་དྲྭ་རྒྱའི་ནང་དུ་ཕྱིན་ནས་ངོ་རྒོལ་གྱི་མཆན་གང་མང་རྒྱག་དགོས་པའི་ལས་འགུལ་སྤེལ་བཞིན་འདུག
ཕྱི་ཚེས་༣༠ ཉིན་ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ལས་འགུལ་སྤེལ་དོན་ལ། ཉེ་ཆར་ཧྥ་རན་སིའི་རྒྱལ་སར་ཡོད་པའི་འགྲེམས་སྟོན་ཁང་གཉིས་ནང་དུ་ཡོད་པའི་བོད་པའི་དངོས་རྫས་ཐོག་རྒྱ་ནག་གིས་བེད་སྤྱོད་བྱེད་བཞིན་པའི་བོད་མིང་ཤིས་ཙང་དང་བོད་རང་སྐྱོང་ལྗོངས་གཉིས་བྲིས་ཡོད་པར་བརྟེན། བོད་པ་དང་བོད་རིག་པའི་མཁས་དབང་ཚོས་སྣེ་ཁྲིད་ནས་ངོ་རྒོལ་དང་ཞུ་ཡིག་མང་པོ་ཕུལ་ཡོད་ཀྱང་། ད་དུང་འགྲེམས་སྟོན་ཁང་གཅིག་གིས་བོད་ཅེས་པའི་མིང་དེར་ཧི་མ་ལ་ཡའི་འཇིག་རྟེན་ཞེས་རང་འཇགས་བཞག་པ་ལས་དབྱིན་ཡིག་ནང་ཡོད་པའི་ཡོངས་གྲགས་སུ་(Tibet)ཞེས་པ་དེ་མེད་པ་བཟོ་ཐབས་བྱེད་བཞིན་ཡོད་པས། ཧྥ་རན་སིའི་ནང་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་དབྱངས་ཅན་ནས་སྤྱི་ཚོགས་དྲ་ལམ་ཐོག་གསལ་བསྒྲགས་སྤེལ་དོན་ལ། ང་ཚོ་བོད་པ་མི་རེ་ངོ་རེ་ནས་རང་རང་སོ་སོའི་སྤྱི་ཚོགས་དྲྭ་ལམ་ཐོག་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་དང་། (Musée Guimet)ཟེར་བའི་འགྲེམས་སྟོན་ཁང་དེའི་དྲྭ་རྒྱའི་ནང་དུ་ཕྱིན་ནས་ཁོང་ཚོས་དྲྭ་ཐོག་ལ་པར་དང་ཡི་གེ་ག་རེ་བཞག་ནའང་དེ་ལ་མཆན་དང་། ངོ་རྒོལ་གྱི་ཡི་གེའི་རིགས་འབྲི་རྒྱུ། དེ་བཞིན་རང་ཉིད་ཀྱི་ངོ་དེབ་དང་(Instragam)ཡི་མགོ་པར་དེ་རྒྱ་ནག་གི་རྒྱལ་དར་ཡོད་པའི་འགྲེམས་སྟོན་ཁང་དེའི་པར་འཇོག་རྒྱུའི་ལས་འགུལ་ཞིག་སྤེལ་བཞིན་འདུག་པས། བོད་པ་ཚང་མའི་ངོས་ནས་ངོ་རྒོལ་ལས་འགུལ་དེའི་ནང་མཉམ་ཞུགས་བྱེད་རྒྱུ་འབོད་སྐུལ་ཞུ་བཞིན་འདུག
རྒྱ་ནག་གིས་དབྱིན་ཡིག་ནང་ཡོད་པའི་(Tibet)ཞེས་པ་དེ་མེད་པ་བཟོ་ཐབས་དང་། དེའི་ཚབ་དུ་ཤིས་ཙང་ཞེས་པའི་རྒྱ་ཡིག་ནང་དུ་ཡོད་པའི་མིང་ཞིག་བེད་སྤྱོད་གཏོང་ཐབས་བྱེད་བཞིན་ཡོད་ལ། དེ་ཡང་(Tibet)ཞེས་བྲིས་ན་བོད་ཆོལ་ཁ་གསུམ་ལ་གོ་བཞིན་ཡོད་པར་བརྟེན། དེ་ལས་ཤིས་ཙང་ཞེས་བོད་རང་སྐྱོང་ལྗོངས་ཟེར་བ་དེ་གཅིག་པུར་གོ་བའི་མིང་ཞིག་བསྒྱུར་ཐབས་བྱེད་བཞིན་ཡོད།
གསར་འགོད་པ། བསོད་ནམས་ཕུན་ཚོགས།