ཨ་ཀོང་རིན་པོ་ཆེ་བཀྲོངས་མཁན་ལ་སྲོག་ཐོག་གི་ཁྲིམས་ཐག་བཅད་འདུག

ཟླ་འདིའི་ཚེས་༣༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་ཕྱི་ལོ་༢༠༡༣ ལོར་ཁྲིན་ཏུའུ་རུ་ཨ་ཀོང་རིན་པོ་ཆེ་བཀྲོངས་མཁན་ཉེས་ཅན་པ་གཉིས་ལ་སྲོག་ཐོག་གི་ཁྲིམས་བཅད་ཡོད་པ་དང། གསོད་བྱེད་ཀྱི་གྲི་སྦས་མཁན་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

12647664_1099793563377845_1257381814_nཕྱི་ལོ་༢༠༡༣ ཟླ་༡༠ ཚེས་༨ ཉིན་ཨ་ཀོང་རིན་པོ་ཆེ་དང་ཁོང་གི་ཚ་བོ། ཁ་ལོ་བ་བཅས་ལ་གྲིས་བརྒྱབ་སྟེ་བཀྲོངས་ཡོད་པ་དང། གནས་ཚུལ་དེ་དང་འབྲེལ་ནས་བོད་རིགས་གསུམ་འཛིན་བཟུང་བྱས་ཡོད་པ་རེད། རྒྱ་ནག་གི་ཉེན་རྟོག་པས་ཁོང་གསུམ་གྱིས་ནག་ཉེས་ལ་ཁས་ལེན་བྱས་ཡོད་ཚུལ་དང་། ཉེས་ཅན་པ་ཐུབ་བསྟན་ཀུན་གསལ་ནི་དབྱིན་ཡུལ་དང་སེ་ཁོཊི་ལཱན་དུ་ཡོད་པའི་ཨ་ཀོང་རིན་པོ་ཆེའི་དགོན་པར་ལྷ་བྲིས་དང་ལྷ་བཟོའི་ལས་ཀ་ལོ་༩ བྱས་ཡོད་པ་དང། ཁོས་ཨ་ཀོང་རིན་པོ་ཆེ་ལས་གླ་ཆ་ཨ་སྒོར་འབུམ་བཞི་དང་སྟོང་ཕྲག་བཅོ་ལྔ་ལེན་རྒྱུ་ལྷག་བསྡད་ཡོད་པ་དེ། ལེན་ཐབས་བྱས་ནས་མ་བྱུང་བས་ཁོ་དང་རོགས་པ་ཚེ་རིང་གཉིས་ཀྱིས་མི་གསོད་ཁྲག་སྦྱོར་བྱས་ཚུལ་བརྒྱུད་ལམ་ཁག་ལ་འགྲེལ་བརྗོད་བྱས་ཡོད་པ་རེད།

འོན་ཀྱང་ལོ་དེའི་ཟླ་༡༠ པའི་ཚེས་༡༢ ཉིན་སེ་ཁོཊི་ལཱན་དུ་ཡོད་པའི་བསམ་ཡས་གླིང་དགོན་པས། ཐུབ་བསྟན་ཀུན་གསལ་ལ་ཨ་ཀོང་རིན་པོ་ཆེ་དང་ཁོང་གི་ཆོས་ཚོགས་ཀྱིས་གླ་ཆ་སྤྲོད་འཇལ་བྱ་རྒྱུ་གང་ཡང་ལྷག་མེད་པ་དང། ཨ་ཀོང་རིན་པོ་ཆེ་ཁྲིན་ཏུའུ་ལ་ཁོང་གི་རྒྱལ་སྤྱིའི་རོགས་པ་ཚོགས་པའི་ལས་འཆར་ཁག་གི་ཆེད་དུ། མ་དངུལ་བགོ་འགྲེམས་བྱེད་པར་ཕེབས་པས། ཐུབ་བསྟན་དང་རོགས་པས་དངུལ་དེ་དག་འཕྲོག་བཅོམ་བྱེད་རྩིས་བྱས་ནས་བཀྲོངས་ཡོད་སྐོར་གྱི་བསྒྲགས་གཏམ་སྤེལ་ཡོད་པ་རེད།

ཕྱི་ལོ་༢༠༡༤ ཟླ་༨ པའི་ནང་ཉེས་ཅན་པ་ཚོར་ཁྲིམས་ཞིབ་བྱས་ཡོད་པ་དང། སྐབས་དེར་ཨ་ཀོང་རིན་པོ་ཆེའི་ནང་མིས་ཉེས་ཅན་པ་ཚོར། བྱམས་སྙིང་རྗེའི་ཐོག་ཉེས་པ་ཆག་ཡངས་ཡོང་བར་ཁྲིམས་ཁང་ལ་འབོད་སྐུལ་བྱས་ཡོད་འདུག་ཀྱང་དེ་ལྟར་བྱུང་མེད་པ་རེད་འདུག

སྲོག་ཐོག་གི་ཉེས་པ་ཕོགས་མཁན་གཉིས་ཀྱིས་ཁྲིམས་ཁང་ལ་བསྐྱར་དུ་ཞུ་འབོད་བྱ་འཆར་ཡོད་འདུག།

གསར་འགོད་པ་སྐལ་བཟང་དོན་གྲུབ།