amdopanda@yahoo.com

ཞོགས་པའི་ཆུ་ཚོད་༩པ་ཡས་མས་ཤིག་ལ་ང་ཚོ་ཚང་མ་ས་གནས་དེར་འཛོམས་ཏེ་ཡིད་རང་འགོར་སོང་། དང་ཐོག་དེར་འཛོམས་དགོས་པའི་དམིགས་ཡུལ་དང་ཚོགས་འདུ་ཡི་ནང་དོན་གཅིག་ཀྱང་ཚོར་མ་སོང་། རྗེས་ནས་རླངས་འཁོར་ཆུང་བ་ཇེབ་ཅན་གཉིས་དང་ཆེ་བ་གཅིག་བཅས་ཀྱི་ནང་དུ་དམར་དམག་ལྔ་བཅུ་ལྷག་གིས་བསྐོར་ནས་ས་གནས་དེར་སླེབས་སོང་། དེར་འབྱོར་མ་ཐག་ཏུ་རླངས་འཁོར་ཆུང་བའི་ནང་ནས་མི་གསུམ་རྒྱ་ཐག་གིས་གདམས་ཏེ་མགོ་ལ་ཤོག་བུའི་ཞྭ་མོ་གོན་ནས་སྒ་བའི་ཐོག་ཏུ་ཤིང་ལེབ་བཙུགས་ཏེ་ཕྱི་ལོག་ལ་ཐོན་བྱུང་། སྒ་བར་བཙུགས་པའི་ཤིང་ལེབ་ཐོག་ལ་ཡི་གེ་དམར་པོས་ཁོང་ཚོའི་མིང་བྲིས་ཡོད་པ་དང་། ཡི་གེ་དམར་པོའི་མིང་ཐོག་ལ་ཚོན་ནག་པོས་བསྒྱུར་རྟགས་རྒྱབ་ནས་མང་ཚོགས་ཀྱི་དཀྱིལ་ལ་བཞག་པ་རེད། སྐབས་དེར་མི་མང་ཚང་མ་ལྷོད་ཅིང་འཇམ་ཆག་གེར་གནས་པ་དང་། གཅིག་གིས་གཅིག་ལ་བལྟ་ཙམ་ཡང་བྱེད་མི་ཕོད་པ་མ་ཟད། ཐ་ན་མགོ་བོ་བསྐྱོགས་ཙམ་ཡང་བྱེད་མི་ཐུབ་པའི་རང་དབང་བྲལ། ཉིན་དེར་ཁྱབ་བསྒྲགས་བྱས་ཏེ་རྔ་རྒོད་སྤྲུལ་སྐུ་དང་ཁོ་གསུམ་པོས་ཕྱིའི་རྒྱལ་ཁབ་ལ་འབྲེལ་བ་བཙུགས་ཏེ་མི་རིགས་མཐུན་སྒྲིལ་ལ་གཏོར་ལོག་རྒྱག་བཞིན་ཡོད་པའི་ནག་ཉེས་བཙུགས་ཏེ་སྲོག་ཁྲིམས་གཅོད་རྒྱུ་ཡིན་ཞེས་མི་མང་ཚང་མའི་མདུན་ནས་གསལ་བསྒྲགས་བྱས་པ་རེད།