མི་ལ་ལྷ་བབས་པ་རེད་དམ་ལྷ་ལ་མི་བབས་པ་རེད།

ཏྲེ་ཧོར་ཐུབ་བསྟན།

མཇུག་བསྡུས་མ་ཐག་པའི་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་༡༡ པའི་ཉིན་མཐའ་མར་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གནས་ཆུང་གྲྭ་ཚང་དུ་བཅར་ཏེ་གནས་ཆུང་ཆོས་རྒྱལ་ཆེན་པོ་དང་ལྷ་མོ་ཚེ་རིང་མཆེད་ལྔ་ཆེད་དུ་སྤྱན་འདྲེན་ཞུས་པའི་སྐབས།  སྲུང་མ་རྣམ་གཉིས་ཕྱི་ལོ་༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུ་ཆེན་མོའི་འགྲན་རྩོད་ཀྱི་ལས་འགུལ་སྤེལ་ཕྱོགས་ལ་ཐུགས་མ་དགྱེས་པར་རབ་ཏུ་ཁྲོས་པའི་ཚུལ་གྱིས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ལ་འགྲམ་ལྕག་ཚ་བེར་བ་རེ་གཞུས་པ་མ་ཟད། མཉམ་བཅར་སྤྱི་འཐུས་རྣམ་པའི་ཐོག་ཏུའང་ནས་ལྕག་གཞུས་ཏེ། ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་སྤངས་དགོས་པ་དང་ལྷག་པར་དུ་སྲིད་སྐྱོང་དང་ཚོགས་གཙོ་གཉིས་མཉམ་འབྲེལ་ཐོག་ནས་བོད་སྤྱི་པའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་བཀའ་བཀྱོན་གནང་ཡོད་སྐད།

“༧གོང་ས་མཆོག་གིས་གསོལ་རས་གནང་པའི་ཡང་དག་པའི་མང་གཙོ་”ཞེས་པ་ནི་བཙན་བྱོལ་བོད་པའི་མི་སྣ་མཐོ་དམན་བར་གསུམ་གྱི་ཁ་ལ་འབྱར་པའི་སྐད་ཆ་ཞིག་རེད་ལ། དོན་དངོས་སུའང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ལས་ཚད་མེད་བསྐྱོན་ཏེ་བཙུགས་པའི་སྒྲིག་འཛུགས་ཤིག་དང་། མང་གཙོའི་ལམ་ལུགས་དང་ལྡན་པའི་བཙན་བྱོལ་སྤྱི་ཚོགས་ཤིག་ཆགས་ཡོད། ཡིན་ནའང་“ཡང་དག་པའི་མང་གཙོ་”ཞེས་པ་ནི་ལག་ལེན་དངོས་ཀྱི་ནང་སྤུས་ཚད་ལོངས་མིན་ལ་བལྟས་ཏེ་ཚད་འཇལ་དགོས་པ་ཞིག་ཡིན་པ་ལས། ཁ་ནས་ཡང་དག་པའི་མང་གཙོ་ཟེར་བ་ཙམ་གྱིས་ཡང་དག་འགྲོ་རྒྱུ་གང་ཡང་མེད། རྒྱ་ནག་དམར་པོའི་གཞུང་གིས་ཀྱང་རྒྱ་ནག་དེ་འཛམ་གླིང་ཐོག་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཡིན་ཞེས་བཤད་མྱོང་། སུའི་ལམ་ལུགས་ཡང་དག་དང་མ་དག་དེ་ཁ་རྩོད་ཚིག་རྩོད་ཀྱི་ལམ་ནས་ཐག་གཅོད་བྱ་ཐབས་མེད་པར། གཞི་འཛིན་ས་གཙོ་བོ་མང་གཙོའི་ལམ་ལུགས་ཀུན་གྱི་ཨ་མ་དང་སྐྱེ་བོ་མཆོག་དམན་ཡོངས་ཀྱི་རྒྱལ་པོ་ནི་རྩ་ཁྲིམས་རིན་པོ་ཆེ་ཡིན་ཞིང་། རྩ་ཁྲིམས་རིན་པོའི་ཆེའི་གོང་ན་ལྷ་དང་བླ་མ། རྒྱལ་པོ་དང་བློན་པོ། རྒྱུ་དང་དཔལ་འབྱོར། འཁོར་དང་གཡོག་པོ་སོགས་སུ་ཡང་མེད་པ་ནི་ཀུན་ལ་གྲགས་པའི་ཐུན་མོང་གི་ལྟ་ཚུལ་ཞིག་ཡིན།

དེ་ལྟར་ནའང་། ང་རང་ཚོའི་“ཡང་དག་པའི་མང་གཙོ་”ཞེས་འབོད་པའི་ལམ་ལུགས་ལག་བསྟར་གནང་མཁན་གྱི་གནད་ཡོད་རྣམ་པ་མིའི་ཁོག་ལ་ཞུགས་པའི་ལྷའི་དྲུང་ལ་ཡང་ནས་ཡང་དུ་བཅར་རྒྱུར་ཤིན་ཏུ་མོས་པ་དང་། བཅར་ནས་ཀྱང་བོད་ཀྱི་འདས་མ་འོངས་ད་ལྟ་དུས་གསུམ་གྱི་གནད་དོན་ཆེ་ཕྲ་ཆུང་གསུམ་ཡར་ཞུ་བྱས་ཏེ། ལྷས་ཀྱང་དེ་ལ་དེ་བསྟུན་གྱི་རྐྱེན་བཟློག་བར་སེལ་གང་ལ་གང་འཚམ་གནང་ཡོང་གི་ཡོད། དེ་ལས་ཀྱང་ཉེ་ཆར་སྲིད་སྐྱོང་མཆོག་དང་ཚོགས་གཙོ་མཆོག་ལ་བཀའ་བཀྱོན་ཕེབས་ཏེ་འགྲམ་ལྕག་གཞུས་པ་ལྟ་བུ་རེད།  དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྩ་ཁྲིམས་རིན་པོ་ཆེའི་ནང་གནད་དོན་གལ་ཆེ་ཆུང་ཅི་རིགས་ཤིག་ལྷ་ལ་ཞུས་ཏེ་ཐག་གཅོད་བྱ་དགོས་པའི་གཏན་འབེབས་གནང་ཡོད་ན་གང་ཤེས་མ་གཏོགས། “ཡང་དག་པའི་མང་གཙོའི”་ལམ་ལུགས་དང་སྤྱི་ཚོགས། སྒྲིག་འཛུགས་ཀྱི་ནང་དུ་ལྷ་ལ་འདྲི་སྟེ་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དབང་ཐག་གཅོད་གནང་པ་དང་། ལྷ་བརྒྱུད་ནས་ཡུལ་ལུང་དང་མི་སེར་ལ་དབང་སྒྱུར་བྱེད་པའི་སྲིད་གཞུང་ནི་གང་དུའང་མེད་ཚོད་འདུག ང་ཚོའི་བཙན་བྱོལ་སྒྲིག་འཛུགས་མ་གཏོགས་ཡང་དག་པའི་མང་གཙོ་ཞིག་མེད་པ་ཡིན་ན་ནི་བཤད་རྒྱུ་གང་ཡང་མེད།

ཡང་གཅིག་བཤད་ན། རྒྱལ་ཁབ་དང་མི་རིགས་ཀྱི་ལས་དབང་ཐག་གཅོད་དང་ཆབ་སྲིད་ཀྱི་དབང་སྒྱུར་ཐད་ལྷ་ཞེས་འབོད་པའི་མི་སྐད་གསུང་མཁན་དག་ལ་མི་ལས་ལྷག་པའི་ཐབས་ལམ་ཞིག་བསྟན་རྒྱུ་མེད་པ་ནི་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཟིན། བོད་སྤྱི་ཚོགས་རྙིང་པའི་དུས་སྐབས་ནི་ད་ལྟ་ལས་ལྡབ་འགྱུར་གྱིས་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཤིག་ཡིན་ལ། ལྷ་ལ་ལམ་སྟོན་ཞུས་པ་ནི་མང་དྲགས་མེད་ནའང་ཉུང་གཏན་ནས་དྲགས་མེད། ཡིན་ནའང་། མཐའ་མར་བོད་གངས་ཅན་ལྗོངས་ཀྱི་སྣོད་བཅུད་གཉིས་ཀ་མིས་བཙན་འཕྲོག་དང་དབང་སྒྱུར་བྱས་ཏེ་ལྷ་རྟེན་ཆོས་གསུམ་ཕར་ཞོག མིའང་སྡོད་ས་འདུག་ས་ཡིབ་ས་གབ་ས་མེད་པར་བྲོས་བྱོལ་དུ་ཕེབས་པ་དང་། བཙོན་དུ་བཅུག་པ། དམར་གསོད་བཏང་པ། མུག་ཤི་ཐེབས་པ་སོགས་གྲངས་ཀྱིས་མི་ལོངས་ལ། དུས་ད་ལྟའང་གཞན་གྱི་བཙན་པོའི་དབང་སྒྱུར་འོག་མི་འདོད་བཞིན་ལྷག་མུས་ཡིན་པ་ནི་ཤེས་གསལ་རེད།

གལ་ཏེ་ལྷ་འདི་དག་ལ་མི་ལས་ལྷག་པའི་ནུས་པ་དང་ལུང་བསྟན་ཁྱད་དུ་འཕགས་པ་ཞིག་གནང་རྒྱུ་ཡོད་པའི་དབང་དུ་བཏང་ན། མ་མཐའ་ཡང་བོད་ཆོས་ལྡན་གྱི་ཞིང་འདི་ད་ལྟའི་གནས་སྟངས་ལས་ལྷག་ཅིག་ཆགས་ཡོད་པ་གདོན་མི་ཟ། ནུས་པ་མེད་བཞིན་ད་དུང་ཨུ་ཚུགས་མཐའ་སྐྱེལ་གྱིས་མོ་ལུང་ཞུ་པ་དང་བཀའ་བཀྱོན་བཟེད་པ། ཐ་ན་མཚམས་རེར་འགྲམ་ལྕགས་ཚ་བེར་བ་རེ་ཞུ་དགོས་དོན་ཁྱོན་ནས་མེད། ལྷ་ཡི་ནུས་མཐུ་དང་ལུང་བསྟན་ལ་མ་བསྟེན་པར་མིའི་རྣམ་དཔྱོད་དང་རྩོལ་ཤུགས་ལ་བརྟེན་ནས་སྲིད་འབྱོར་རིག་གསུམ་འཛམ་གླིང་གི་ཡང་རྩེར་སོན་བཞིན་འདུག་ན། ད་ནི་ང་ཚོ་གཞུང་དམངས་སུ་ཞིག་ཡིན་ནའང་ལྷ་ཡི་ནུས་པ་ལ་བརྟེན་པའི་འདུ་ཤེས་ཆུང་དུ་བཏང་སྟེ། མི་ཡི་ནུས་པ་དང་མིའི་རྣམ་དཔྱོད་ལ་བརྟེན་ནས་རྒྱལ་ཁབ་དང་མི་རིགས་སྐྱོང་དགོས་པའི་འདུ་ཤེས་བསྐྲུན་དགོས་ཀྱི་འདུག་པ་མ་ཟད། མང་གཙོའི་ལམ་ལུགས་དང་སྒྲིག་འཛུགས་ནང་དེ་ལས་ཀྱང་ལྷ་བསྟེན་ནས་ཆབ་སྲིད་སྐྱོང་བའི་ལམ་ཁ་རྩ་བ་ནས་མེད་པ་བཟོ་དགོས།

“མི་འུག་ཐུག་ནས་ལྷ་ལ་འདྲི། ལྷ་འུ་ཐུག་ནས་རྫུན་བཤད་”ཅེས་པ་ནི་གནའ་སྔ་མོ་ནས་བོད་པའི་སྤྱི་ཚོགས་ནང་བཤད་སྲོལ་ཡོད་པའི་སྐད་ཆ་ཞིག་རེད།  སྐད་ཆ་འདི་ཁོ་ནས་ཀྱང་སྔ་མོ་ནས་བོད་པའི་སྤྱི་ཚོགས་ནང་ལྷ་རུ་འབོད་པའི་གསུང་འབྱོན་མཁན་དག་ལ་ཡིད་ཆེས་ག་ཚོད་ཅིག་ཡོད་མེད་ཚོད་དཔག་གང་འཚམས་བྱ་ཐུབ་སྙམ། གལ་སྲིད་ང་ཚོའི་མང་གཙོ་འདི་ཁྲིམས་ཀྱིས་དབང་སྒྱུར་བ་དང་མིས་དབང་སྒྱུར་བའི་ཡང་དག་པའི་མང་གཙོའི་ལམ་ལུགས་ཤིག་ཡིན་ན། རྩ་ཁྲིམས་རིན་པོ་ཆེའི་དགོངས་དོན་གཞིར་བཟུང་མི་དང་ཤེས་འཇོན་གྱི་ལམ་ནས་ཆབ་སྲིད་ཀྱི་དགོས་འདུན་རྩོད་ལེན་བྱེད་པ་གཙོས། ཕྱི་ནང་གི་གནད་དོན་ཐམས་ཅད་ཐག་གཅོད་དང་ལག་བསྟར་གནང་དགོས་པ་ལས། སྤྱི་དོན་དང་གཞུང་དོན་ཐོག་རྐང་གཉིས་མི་ཡི་ནུས་པ་ལས་བརྒལ་བའི་ལྷ་ཞིག་ལ་སྐྱབས་བཅོལ་རྒྱུ་གཏན་ནས་མེད།

རང་ཉིད་ལ་མཚོན་ན་སྐྱབས་དཀོན་མཆོག་རྣམ་གསུམ་ལ་ཡིད་ཆེས་གཙང་མ་ཐོབ་སྟེ་ལས་རྒྱུ་འབྲས་དཔང་བཙུགས་ཀྱི་ལས་ཀ་བྱེད་མཁན་ཞིག་ཡིན། འོན་ཀྱང་། ང་ཚོའི་མཛད་གཙོ་རྣམ་པ་ནང་བཞིན་མིའི་ཁོག་ཏུ་ཞུགས་ཏེ་མི་སྐད་གསུངས་པའི་ལྷ་བབས་ཞེས་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་ཀྱི་ཆོ་ག་འདི་ལ། འཇིག་རྟེན་མི་དང་ཐུན་མོང་མ་ཡིན་པའི་ནུས་པ་ཞིག་ལྡན་པའི་ཡིད་ཆེས་དད་མོས་ཀྱི་སྐལ་བ་ལྡན་མ་སོང་། གཅིག་བྱས་ན་ཉོན་མོངས་པའི་གཞན་དབང་དུ་གྱུར་ཏེ་ཡང་དག་པའི་གནས་ལུགས་ལ་ལྟ་བའི་ཤེས་རབ་ཀྱི་བློ་མིག་དང་མ་ལྡན་པ་ཡིན་སྲིད་ཀྱང་། བོད་པའི་སྔ་ཕྱི་བར་གསུམ་གྱི་ལོ་རྒྱུས་ལ་ཕྱིར་མིག་རེ་བལྟས་ཏེ་འདས་མ་འོངས་ད་ལྟ་དུས་གསུམ་ལ་ཞིབ་མདང་རེ་རྒྱག་ཚེ། ང་ལ་ཡིད་ཆེས་ཀྱི་བསམ་བློ་དང་དད་འདུན་ལྷག་ཏུ་མེད་པ་གྱུར།།