ཀོ་ལེ་གྷལ་དོན་ལྡན་གླིང་རུ་ཁག་ལ་ལྷོ་ཕྱོགས་རྐང་སྤོལ་རྩེད་འགྲན་གྱི་མཐའ་མའི་རྒྱལ་ཁ་ཐོབ་སོང་།

ཟླ་༣ པའི་ཚེས་༣༠ ཉིན་ལྷོ་ཕྱོགས་བོད་མིའི་རྐང་སྤོལ་རྩེད་འགྲན་གྱི་མཐའ་མའི་རྟིང་རྩོད་འགྲན་སྡུར་དེ། ཀོ་ལེ་གྷལ་དོན་ལྡན་གླིང་རུ་ཁག་དང་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་རུ་ཁག་གཉིས་བར་བྱས་ཏེ། མཐའ་མའི་གྲུབ་དོན་དུ་ཀོ་ལེ་གྷལ་རུ་ཁག་གིས་སྤོ་ལོ་གཅིག་བླུགས་ནས་རྒྱལ་ཁ་ཐོབ་ཡོད་པ་རེད་འདུག  དེ་ཡང་ཟླ་༣ པའི་ཚེས་༢༠ ནས་༣༠ བར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་མོན་གྷོ་འདོད་རྒུ་གླིང་དུ། འདོད་རྒུ་གླིང་ན་གཞོན་རྩེད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་རུ་ཁག་བར་ལྷོ་ཕྱོགས་རྐང་སྤོལ་རྩེད་འགྲན་བྱས་ཡོད་པ་རེད་འདུག  ཐེངས་འདིའི་རྩེད་འགྲན་ནང་དུ་ཀོ་ལེ་གྷལ་དོན་ལྡན་གླིང་དང་ཧུན་སུར་རབ་རྒྱས་གླིང་། མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ཀ་དང་ཁ། སྦེལ་ཀོབ་བདེ་སྐྱིད་སླར་གསོ། གོ་ལ་ཐ་ལ། གྷོ་ཝ་རུ་ཁག་བཅས་རུ་ཁག་བདུན་མཉམ་ཞུགས་བྱས་ཡོད་པ་རེད་འདུག  ཕྱེད་མཐའ་མའི་རྩེད་འགྲན་ནང་དུ་སྦེལ་ཀོབ་བདེ་སྐྱིད་སླར་གསོ་དང་མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་གཉིས་རྩེད་འགྲན་བྱས་ཏེ་སྦེལ་ཀོབ་རུ་ཁག་ལ་རྒྱལ་ཁ་ཐོབ་པ་དང་། ཀོ་ལེ་གྷལ་དོན་ལྡན་གླིང་དང་གྷོ་ཝ་རུ་ཁག་གཉིས་བར་རྩེད་འགྲན་བྱས་ཏེ་ཀོ་ལེ་གྷལ་རུ་ཁག་ལ་རྒྱལ་ཁ་ཐོབ་འདུག  ཐེངས་འདིའི་རྩེད་འགྲན་གྱི་རྒྱལ་ཁ་ཐོབ་མཁན་ཨང་དང་པོར་རྒྱལ་ཁའི་ཕོར་པ་དང་ཧིན་སྒོར་འབུམ་གཅིག ཨང་གཉིས་པ་ལ་ལེགས་གསོའི་ཕོར་པ་དང་ཧིན་སྒོར་ཁྲི་ལྔ། ཨང་གསུམ་པ་ལ་ཧིན་སྒོར་ཁྲི་གཉིས་དང་ལྔ་སྟོང་བཅས་བྱ་དགའ་གནང་འདུག་པ་དང་། དཔལ་འབྱོར་འདུ་འགོད་ཀྱི་ཆེད་དུ་ཕྱི་རྒྱལ་ཁག་ཏུ་ཡོད་པའི་མོན་གྷོ་ནས་ཡིན་པའི་བོད་མི་ཚོས་ཞལ་འདེབས་དང་རྩེད་ཐང་ཡར་རྒྱས་ཆེད་བོད་མིའི་སྒྲིག་འཛུགས་ནས་མཐུན་འགྱུར་ཡང་བྱུང་ཡོད་པ་རེད་འདུག ། གསར་འགོད་པ་སྐལ་བཟང་དོན་གྲུབ། 

བོད་དོན་ཞུ་གཏུག་ལས་འགུལ་དང་འབྲེལ་བའི་ཟབ་སྦྱོང་མཇུག་བསྒྲིལ་བ།

ཟླ་༣ པའི་ཚེས་༢༩ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་གཏུག་ལས་འགུལ་དང་འབྲེལ་བའི་ཉིན་གྲངས་གསུམ་རིང་གི་ཚོགས་འདུ་མཇུག་བསྒྲིལ་གནང་ཡོད་པ་རེད་འདུག དེ་ཡང་ཉིན་གསུམ་རིང་གི་ཚོགས་འདུའི་ཐོག་བོད་ཀྱི་ལོ་རྒྱུས་ཐོག་ཉམས་ཞིབ་པ་སློབ་དཔོན་མེ་ཀལ་ཝན་ཝལ་ཊ་པཱ་རག་ (Prof. Michael Van Walt Praag)དང་། ལྕམ་མ་ཡེག་བྷོལ་ཊཡེ་སི་ (Miek Bolties)རྣམ་གཉིས་དང་། བོད་མི་མང་སྤྱི་འཐུས་རྣམ་པའི་དབར་ “བོད་ཀྱི་རྒྱལ་སྤྱིའི་ཁྲིམས་མཐུན་གནས་བབ་ཀྱི་ནུས་པ་བེད་སྤྱད་ནས་བོད་དོན་ཞུ་གཏུག་གོང་མཐོར་གཏོང་ཐབས། ལོ་རྒྱུས་ཀྱི་གལ་གནད། བོད་ཀྱི་ལོ་རྒྱུས་ནས་ཤེས་དགོས་པའི་གལ་ཆེའི་གནད་དོན་ཁག” དེ་བཞིན་ “རྒྱལ་སྤྱིའི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས་བོད་ཀྱི་གནད་དོན་དང་འབྲེལ་བའི་ཐ་སྙད་ཚད་ལྡན་བེད་སྤྱོད་གཏོང་ཕྱོགས་དང་། དེའི་གལ་གནད་སྐོར།” “རྒྱལ་སྤྱིའི་ནང་བོད་ཀྱི་གནད་དོན་དང་འབྲེལ་བའི་ཐོག་གོ་ནོར་གསུམ་དང་། བོད་དོན་ཞུ་གཏུག་སྐབས་དེ་དག་ལ་གདོང་ལེན་གནང་ཕྱོགས།” “གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང་། བོད་ཀྱི་ལོ་རྒྱུས། རྒྱལ་སྤྱིའི་ཁྲིམས་ཀྱི་གནས་བབ་བཅས་ཀྱི་འབྲེལ་བའི་སྐོར།” “བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱལ་སྤྱིའི་ནང་ཞུ་གཏུག་ལས་འགུལ་དང་འབྲེལ་བའི་དམིགས་ཡུལ་སྒྲུབ་ཆེད་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གི་སྐབས་དོན་འབྲེལ་བ་དང་། དེའི་ཐོག་གོ་ནོར་ཐེབས་པའི་གནད་དོན་ཁག་ལ་གླེང་སློང་།” ཞེས་པའི་བརྗོད་གཞི་ཁག་གི་ཐོག་བགྲོ་གླེང་། དགོངས་ཚུལ་བརྗེ་ལེན། དྲི་བ་དྲིས་ལན་སོགས་གནང་བ་དང་། སྤྱི་འཐུས་རྣམ་པ་སྡེ་ཚན་ཆ་བགོས་ཀྱིས་ཞུ་གཏུག་གནང་ཕྱོགས་ཀྱི་སྦྱོང་བརྡར་བཅས་གནང་ཡོད་པ་རེད་འདུག། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་གིས་ཚོགས་འདུ་འདི་ཚོགས་དགོས་པའི་རྒྱབ་ལྗོངས་ཁག་འགྲེལ་བརྗོད་ཞིབ་ཕྲ་དང་། དེ་བཞིན་གསུང་བཤད་གནང་མཁན་སློབ་དཔོན་མེ་ཀལ་ཝན་ཝལ་ཊ་པཱ་རག་ནི་བོད་དོན་ཐོག་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་དང་། ལྕམ་མ་ཡེག་བྷོལ་ཊཡེ་སི་ཡིན་ནའང་རྩོད་རྙོག་འདུམ་སྒྲིག་ཐོག་ཁྱད་མཁས་མི་སྣ་ཞིག་ཡིན་པ་མ་ཟད། བོད་དོན་ཐོག་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་ཡིན་པའི་སྐོར། ཉིན་གསུམ་རིང་གི་ཚོགས་འདུ་ཚོགས་པའི་སྐབས་བོད་མི་མང་སྤྱི་འཐུས་རྣམ་པས་ཆ་ཤས་གང་ལེགས་བཞེས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཚོགས་འདུ་འདིས་བོད་དོན་ཞུ་གཏུག་གནང་ཕྱོགས་ཐོག་ཕན་རླབས་ཆེན་པོ་བྱུང་བ། གཞན་ཡང་ཚོགས་འདུ་འདིར་མཐུན་འགྱུར་གནང་མཁན་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་ (NDI) དང་། འབྲེལ་ཡོད་ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞུས་རྗེས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་སློབ་དཔོན་མེ་ཀལ་ཝན་ཝལ་ཊ་པཱ་རག་དང་། ལྕམ་མ་ཡེག་བྷོལ་ཊཡེ་སི་རྣམ་གཉིས་སོགས་ལ་ཕྱག་རྟགས་ཕུལ་རྗེས། ཐེངས་འདིའི་ཉིན་གསུམ་རིང་གི་བོད་དོན་ཞུ་གཏུགས་དང་འབྲེལ་བའི་ཚོགས་འདུ་དེ་བཞིན་ལེགས་གྲུབ་བྱུང་ཡོད་པ་རེད་འདུག ། གསར་འགོད་པ་སྐལ་བཟང་དོན་གྲུབ། 

ཨ་རིའི་གྲོས་ཚོགས་སུ་བོད་དོན་ཉན་ཞིབ་འཚོགས་འདུག

ཟླ་༣ པའི་ཚེས་༢༧ དང་༢༨ བཅས་ཉིན་གཉིས་རིང་། ཨ་རིའི་ས་གནས་འདྲ་མིན་ནས་བོད་མི་༡༥༠ལྷག་ཨ་རིའི་རྒྱལ་སར་འཛོམས་ནས། ཨ་རིའི་གྲོས་ཚོགས་ནང་དངོས་སུ་བཅར་ནས་བོད་དོན་ཞུ་གཏུག་གནང་འདུག་པ་དང་།  ཚེས་༢༨ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ངོས་ནས་བོད་དོན་ཉན་ཀྱི་ཚོགས་འདུ་འཚོགས་འདུག  ཉན་ཞིབ་ཚོགས་འདུ་དེར་ཨ་རིའི་གྲོས་ཚོགས་འོག་མིའི་མཐུས་མི་དང་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཟུང་སྦྲེལ་ཚོགས་གཙོ་(Chris Smith)ཡིས་ཚོགས་འདུ་གཙོ་སྐྱོང་དང་། གྲོས་ཚོགས་གོང་མའི་འཐུས་མི་(Jeff Merkley)སོགས་མཉམ་ཞུགས་ཀྱིས་གསུང་བཤད་དོགས་འདྲི་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་བཅས་ཀྱིས་དྲ་ལམ་བརྒྱུད་མཉམ་ཞུགས་ཀྱིས་བོད་དོན་གསུང་བཤད་གནང་ཡོད་པ་རེད་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་(Richard Gere)དང་། བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷ་སྒྲོན་བཀྲས་མཐོང་། ཉམས་ཞིབ་པ་བསྟན་འཛིན་རྡོ་རྗེ་བཅས་དངོས་སུ་མཉམ་ཞུགས་གནང་ནས། བོད་ཀྱི་གནས་སྟངས་བདེན་དཔང་ངོ་སྤྲོད་གནང་ཡོད་པ་རེད་འདུག སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཟུང་སྦྲེལ་ཚོགས་གཙོ་ནས། རྒྱ་ནག་གཞུང་གིས་བོད་ལ་འཛིན་བཞིན་པའི་སྲིད་ཇུས་གནས་བབས་དང་འབྲེལ་ཐེངས་འདིའི་བོད་དོན་སྐོར་ལ་ཉན་ཞིབ་གནང་དགོས་པའི་དམིགས་ཡུལ་སོགས་གསུང་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གིས་དྲ་ལམ་བརྒྱུད་རྒྱ་ནག་གི་སྟངས་འཛིན་འོག་གི་ད་ལྟའི་བོད་ཀྱི་གནས་སྟངས་སོགས་ངོ་སྤྲོད་གསུང་བཤད་སྐབས་སུ། རྒྱ་ནག་གཞུང་གིས་ཡུལ་གཅིག་དང་སྐད་གཅིག་གོམས་གཤིས་གཅིག་དད་མོས་གཅིག་གི་སྲིད་ཇུས་བཟུང་ནས་བོད་མི་རིགས་རྩ་བརླག་གཏོང་བ་དང་། བོད་མིའི་ཐོག་བཀག་སྡོམ་དྲག་གནོན་ཚབས་ཆེན་བྱེད་བཞིན་པ། དེ་བཞིན་མང་གཙོའི་ལམ་ལུགས་ལྡན་པའི་བོད་མིའི་སྒྲིག་འཛུགས་ཀྱིས་ཞི་བའི་ལམ་ནས་རྒྱ་ནག་དང་གྲོས་མོལ་གྱི་ཐབས་ལམ་བརྒྱུད་བཞིན་པ། བོད་ནང་བོད་མིའི་རང་ལུས་མེར་བསྲེག་ཐེ་བའི་ངོ་རྒོལ་དང་བོད་མི་ཤེས་ཡོན་ཅན་འཛིན་བཟུང་སོགས་ཀྱི་གནས་སྟངས་འགྲེལ་བརྗོད་གནང་སྟེ་ཨ་རིའི་གྲོས་ཚོགས་ལ་བོད་དང་བོད་མིར་མུ་མཐུད་དུ་རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཞུས་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་(Richard Gere)ཡིས། ཁོང་གིས་འདས་པའི་ལོ་ངོ་༤༠ལྷག་གི་རིང་བོད་དོན་འཐབ་རྩོད་གནང་བའི་སྐོར་གསུངས་ནས། དེང་སྐབས་བོད་དང་ཤིན་ཅང་ནང་རྒྱ་ནག་གཞུང་གིས་དྲག་གནོན་གྱི་གནས་སྟངས་ཚབས་ཆེ་རུ་གཏོང་བཞིན་པ་དང་། བོད་ཀྱི་གཞོན་སྐྱེས་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་སོགས་བོད་མི་བརྒྱ་དང་ལྔ་བཅུ་ལྷག་གིས་རང་ལུས་མེར་བསྲེག་བཏང་བ། ཕྱི་ཕྱོགས་སུ་བརྙན་ལམ་བརྒྱུད་བོད་ཀྱི་གནས་སྟངས་འགྲེལ་བརྗོད་བྱས་པར་བརྟེན་ལོ་ལྔའི་བཙོན་འཇུག་བྱས་པའི་བླ་བྲང་འཇིགས་མེད་བཙོན་གྲོལ་རྗེས་ནད་གཅོང་ཆགས་ནས་འདས་གྲོངས་ཕྱིན་པ་སོགས་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་སྐོར་དང་། དེ་བཞིན་ཞི་ཅིན་ཕིན་གྱིས་བོད་མི་རྒྱ་བསྒྱུར་བྱེད་བཞིན་པའི་ཉེན་ཚབས། བོད་ཀྱི་རིག་གཞུང་བཅས་རྩ་བརླག་འགྲོ་བཞིན་པ། བོད་ནང་བོད་ཕྲུག་ཚོ་ཆུང་ཆུང་ནས་ཕ་མ་དང་ཁ་བྲལ་དུ་བཅུག་ནས་གཏན་འཇགས་སློབ་གྲྭར་བཅུག་པ། བོད་མཐོ་སྒང་གི་ཆུའི་འབྱུང་ཁུངས་ཁག་གི་ཐོག་ཏུ་ཆུ་རག་བཟོ་བསྐྲུན་དང་གཏེར་ཁ་སྔོག་འདོན་སོགས་ཁོར་ཡུག་ལ་གནོད་སྐྱོན་སོགས་བོད་ཀྱི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་དང་ཨ་རིའི་གྲོས་ཚོགས་ནང་བོད་ཀྱི་ལོ་རྒྱུས་དང་འབྲེལ་ནས་བོད་དོན་ཁྲིམས་འཆར་གསར་བ་མྱུར་དུ་འཇོག་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད་འདུག བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ནས། བོད་ནང་བོད་ཕྲུག་ལོ་ན་ཆུང་ཆུང་ནས་གཏན་འཇགས་སློབ་གྲྭར་གཏོང་གི་ཡོད་པ། དེང་སྐབས་བོད་ནང་བོད་མདོ་དབུས་ཁམས་གསུམ་ལ་མི་གྲངས་ས་ཡ་བདུན་ཡོད་པར་ཡིད་ཆེས་གནང་བཞིན་པ་དང་། དེའི་ཁྲོད་བོད་རང་སྐྱོང་ལྗོངས་ཟེར་བར་མཚོན་ན། བོད་ཕྲུག་བརྒྱ་ཆ་བརྒྱད་ཅུ་ལོ་ན་ཆུང་དུས་ནས་ཕ་མ་དང་ཁ་བྲལ་དུ་བཅུག་ནས་གཏན་འཇགས་སློབ་གྲྭར་འཇོག་གི་ཡོད་པ་དང་། རྒྱའི་སྐད་ཡིག་དང་གོམས་གཤིས་སོགས་སློབ་ཁྲིད་བྱས་ནས་བོད་མིའི་ངོ་བོ་བསྒྱུར་ཐབས་བྱེད་བཞིན་པ། གནས་སྟངས་དེ་ནི་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་ལག་བསྟར་ཡིན་པ་སོགས་གསུངས་འདུག གཞན་ཡང་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ཉམས་ཞིབ་པ་རྒན་པ་བསྟན་འཛིན་རྡོ་རྗེས། རྒྱ་ནག་གཞུང་གིས་ཨ་རིའི་མི་སེར་ཡིན་པ་བོད་མི་ཚོར་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲོད་བཞིན་པ་དང་། བོད་ནང་རིགས་རྫས་(DNA)་བསྡུ་རུབ་ཐེ་བའི་ཚན་རིག་ལག་རྩལ་བེད་སྤྱོད་ཀྱིས་འཇིགས་སྐུལ་བྱེད་བཞིན་པའི་གནས་སྟངས་དང་། རྒྱ་ནག་གཞུང་གིས་ཨ་རི་སོགས་བོད་ཀྱི་ཕྱི་ན་ཡོད་པའི་བོད་མི་ཚོར་འཕྲུལ་རིག་ལག་རྩལ་སྤྱད་ནས་ལྟ་རྟོག་དང་སུན་གཙེར། གནོན་ཤུགས་སྤྲོད་བཞིན་པ་དང་། ཐ་ན་དངུལ་གྱིས་བསླུ་བྲིད་སོགས་ཀྱི་ཐབས་ཤེས་གཏོང་བ་སོགས་རྒྱ་ནག་དམར་ཕྱོགས་གཞུང་གིས་དྲག་གནོན་འཇིགས་སྐུལ་གྱི་བྱ་སྤྱོད་ཕྱིའི་ཡུལ་གྲུ་ཁག་ནང་དུའང་རྒྱ་བསྐྱེད་གཏོང་བཞིན་པ་སོགས་ཀྱི་སྐོར་ལ་གསུངས་འདུག  བོད་དོན་ཉན་ཞིབ་དེའི་རྗེས་སུ་ཨ་རིའི་ནང་གི་བོད་མི་མང་པོ་ཨ་རིའི་གྲོས་ཚོགས་ནང་དངོས་སུ་བཅར་ནས་བོད་དོན་ཞུ་གཏུག་གནང་བཞིན་པ་དང་བསྟུན། ཚེས་༢༨ཉིན་ཨ་རིའི་གྲོས་ཚོགས་གྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་(Michael McCaul)་ཡིས་གྲོས་ཚོགས་ཀྱི་མདུན་དུ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་བསྐོངས་ཡོད་པ་རེད་འདུག ། གསར་འགོད་པ་སྐལ་བཟང་དོན་གྲུབ།

བཙན་བྱོལ་བོད་མིའི་ལས་འགན།

ཆེད་བརྗོད། བཙན་བྱོལ་བོད་མི་ཞིག་ལ་མཚོན་ན་ངེས་པར་དུ་སྒྲུབ་དགོས་པའི་ལས་འགན་ནི། “༡ བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་བློ་གཏད། ༢ བཅའ་ཁྲིམས་དང༌། ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དང༌། ཉམས་ལེན། ༣ བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་བརྩོན་བྱ་རྒྱུ། ༤ ཁྲིམས་ལུགས་གཏན་འབེབས་གཞིར་བཟུང་དཔྱ་ཁྲལ་སྒྲུབ་འབུལ། ༥ བོད་མིའི་སྒྲིག་འཛུགས་དང༌། མང་ཚོགས་ལ་ཛ་དྲག་རྐྱེན་ངན་བྱུང་སྐབས་ཁྲིམས་ཐོག་ནས་བསྐུར་བའི་ལས་འགན་ཁག་བསྒྲུབ་རྒྱུ་བཅས།”ཡིན་པ་དང་། ལས་དོན་འདི་དག་མི་སྒྲུབ་མཁན་གྱི་མི་ཞིག་ལ་མཚོན་ན། བཙན་བྱོལ་བོད་མིར་བཅའ་ཁྲིམས་ཀྱི་ཐོག་ནས་བསྐུར་བའི་ལས་འགན་ཁག་མ་འགྲུབ་པ་ཞིག་ཏུ་གྱུར་ཡོད་པས། དེ་དག་ལ་མཚོན་ན་བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་དང་བསམ་ཚུལ་འདོན་རྒྱུའི་འོས་བབ་དང་ཐོབ་ཐང་མེད་ཅེས་བརྗོད་ཀྱང་ཆོག གནད་དོན་འདིའི་ཐོག་ནས་བཙན་བྱོལ་བོད་མི་ཞིག་ཡིན་ན་གོང་གསལ་གྱི་ལས་འགན་རྣམས་ངེས་པར་དུ་སྒྲུབ་དགོས་པ་དང་མ་བསྒྲུབས་ན་མི་ཆོག་པའི་གནད་དོན་ཉག་གཅིག་ཏུ་གྱུར་ཡོད། ལས་འགན་དེ་དག་གི་ནང་ནས་བཙན་བྱོལ་བོད་མིའི་ལས་འགན་སྒྲུབ་སླ་ཤོས་དང་མ་བསྒྲུབས་ན་ཤེས་རྟོགས་གསལ་ཤོས་ཡོད་པ་གཅིག་ནི། ཁྲིམས་ལུགས་གཏན་འབེབས་གཞིར་བཟུང་དཔྱ་ཁྲལ་ཁག་སྒྲུབ་འབུལ་མ་ཞུས་པ་དེ་ཡིན། རྒྱ་བལ་འབྲུག་གསུམ་དུ་གནས་སྡོད་བྱེད་མཁན་བོད་མི་ཞིག་ལ་མཚོན་ན་དཔྱ་ཁྲལ་མི་འབུལ་མཁན་ཧ་ཅང་དཀོན་པ་དང་། ཡིག་ཆའི་ཐོག་ནས་དཀའ་ངལ་འཕྲད་པ་རེ་ཟུང་དང་། བོད་མིའི་སྒྲིག་འཛུགས་ལ་རེ་བ་རྒྱག་མི་དགོས་བསམ་མཁན་ཁ་ཤས་རེ་ཡོད་སྲིད་པ་ཙམ་ལས་གཞན་དཔྱ་ཁྲལ་མི་འབུལ་མཁན་མེད་ཅེས་བརྗོད་ཆོག འོན་ཀྱང་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མི་རྣམས་ལ་མཚོན་ན་དང་བླངས་དཔྱ་ཁྲལ་སྒྲུབ་འབུལ་མི་བྱེད་མཁན་མང་པོ་ཡོད་པ་མ་ཟད། རོབ་རྩིས་ན་དཔྱ་ཁྲལ་འབུལ་མཁན་ལས་མི་འབུལ་མཁན་རྦད་དེ་མང་བའི་གནས་སྟངས་ཤིག་ཏུ་གྱུར་ཡོད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སླེབས་ཟིན་རྗེས་བོད་མིའི་སྒྲིག་འཛུགས་ལ་རེ་ལྟོས་བྱེད་མི་དགོས་བསམས་ནས་དཔྱ་ཁྲལ་མི་འབུལ་མཁན་ཡང་མང་པོ་ཡོད་ཚོད་འདུག ཕྱི་རྒྱལ་དུ་གནས་སྡོད་བྱེད་མཁན་མང་པོ་ཞིག་ལ་བཟློག་མེད་ཀྱི་དཀའ་ངལ་ཞིག་ཡོད་པ་ནི། ཐོག་མ་དང་བླང་དཔྱ་ཁྲལ་ལག་དེབ་ནང་འཁོད་པའི་མིང་དང་། ཕྱིས་སུ་རྒྱལ་ཁབ་གཞན་ལ་སྐྱབས་བཅོལ་ཞུས་པའི་མིང་དང་སྐྱེས་ལོ་སྐྱེས་ཚེས་སོགས་མི་མཐུན་པས་འབུལ་བསམ་ཡང་འབུལ་ས་མི་རག་མཁན་ཡང་མང་པོ་ཡོད། སྲིད་སྐྱོང་བློ་བཟང་སེང་གེ་སླེབས་པའི་རྗེས་སུ་དང་བླངས་དཔྱ་ཁྲལ་ལག་དེབ་བཟོ་བཅོས་བྱ་རྒྱུར་སྔོན་དང་བསྡུར་ན་སྟབས་བདེ་རུ་བཏང་ཡོད་པ་དང་། ད་ལྟའི་ཆར་དེ་བས་ཀྱང་སྟབས་བདེ་རུ་བཏང་ཡོད། དང་བླང་དཔྱ་ཁྲལ་ལག་དེབ་བཟོ་བཅོས་ཐུབ་པའི་དབང་དུ་བཏང་ཡང་། ཁྲིམས་སྒྲིག་གི་དགོངས་དོན་བཞིན་ལོ་མང་འབུལ་ཆད་གྱུར་པའི་དཔྱ་ཁྲལ་དང་ཆད་གསབ་བཅས་སྡེབ་འབུལ་ཞུ་དགོས་ཚེ་མི་གཅིག་གིས་ཨ་སྒོར་སྟོང་ཕྲག་ཁ་ཤས་འབུལ་དགོས་མཁན་ཡང་ཡོད་པས། ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་འོག་ནས་ཐར་ཙམ་ཡིན་པའི་སྐབས་འདིར་མི་སུ་ཡིན་ཡང་དཀའ་ངལ་ཡོད་ལ། དཔལ་འབྱོར་གྱི་ཐོག་ནས་དཀའ་ངལ་མེད་ཀྱང་ཕངས་སེམས་ཀྱི་ཐོག་ནས་འབུལ་མི་ཐུབ་མཁན་མང་པོ་ཡོད་ངེས། ད་ལན་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་སྤྱི་མོས་ཀྱི་ཐོག་ནས་དཔྱ་ཁྲལ་ཡུན་རིང་སྒྲུབ་འབུལ་མ་ཐུབ་པའི་རིགས་ལ། བརྒྱ་ཆ་༩༠ ཆག་ཡང་བྱ་རྒྱུའི་གྲོས་ཆོད་བཞག་ཡོད་ལ། ཆག་ཡང་གི་དུས་ཚོད་ནི་ཕྱི་ལོ་༢༠༢༣ ཟླ་༤ ཚེས་༡ ནས་ཕྱི་ལོ་༢༠༢༣ ཟླ་༣ ཚེས་༣༡ བར་ལོ་གཅིག་གི་དུས་ཡུན་ཡོད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་མཁན་དག་གིས་བོད་དང་བོད་མིའི་རྩ་དོན་འཐབ་རྩོད་ལ་འགན་འཁུར་རྒྱུའི་བསམ་བློ་ཡོད་མཁན་ཞིག་ཡིན་ན། དཔྱ་ཁྲལ་ལག་དེབ་བཟོ་བཅོས་དང་། ཆག་ཡང་གི་གོ་སྐབས་འདི་བླངས་ནས་ཁྲིམས་ཀྱིས་བསྐུར་བའི་ལས་འགན་འདི་ལེན་དགོས་པ་དང་། མ་འོངས་པར་འོས་གཞིར་ཞུགས་པ་དང་། འོས་འཕེན་པ་སོགས་ཀྱི་ཐོབ་ཐང་ཁག་ཀྱང་ངེས་པར་དུ་ལེན་ཐུབ་དགོས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྤྱི་འཐུས་བཅས་མི་མང་གིས་ཐད་ཀར་འོས་འདེམས་བྱེད་དགོས་པའི་ནང་། རང་ཉིད་ཀྱིས་རྒྱབ་སྐྱོར་བྱེད་ཡུལ་ལམ། འདོད་པ་མེད་ས་གང་ཡིན་ཡང་འོས་འཕེན་པའི་ཐོག་ནས་ཐག་གཅོད་དགོས་པ་ལས་ཁ་དམག་བརྒྱབ་པ་ཙམ་གྱིས་གྲུབ་འབྲས་གང་ཡང་མེད། […]

ཕྱི་དྲིལ་བཀའ་བློན་དང་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་གཉིས་ཐུག་འཕྲད་གནང་འདུག 

ཟླ་༣ པའི་ཚེས་༢༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་དང་དང་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཝུ་ཀྲའོ་ཤེད་ (Jaushich Joseph Wu)གཉིས་དང་མཇལ་འཕྲད་གནང་ཡོད་འདུག  བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མས་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་མཆོག་ལ། རྒྱ་ནག་གཞུང་ནས་འཆར་གཞི་ལྡན་པའི་ཐོག་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག མི་རིགས་བཅས་རྩ་མེད་ཇི་ལྟར་གཏོང་བཞིན་པའི་སྐོར་དང་། དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་དང་། ཐའེ་བོད་གཉིས་རྒྱ་ནག་དམར་ཤོག་གི་གདུག་རྩུབ་ཅན་གྱི་གཞུང་གིས་མནར་གཅོད་དང་རྡུང་རྡེག འཇིགས་སྐུལ་བྱེད་ཡུལ་ཡིན་པའི་ཆ་ནས་ཐུན་མོང་གི་གདོང་ལེན་བྱེད་ཕྱོགས་སོགས་ཀྱི་སྐོར་བཀའ་མོལ་ཞིབ་ལྷུག་གནང་བ་དང། ཐའེ་ཝན་ནང་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་གི་དགེ་འདུན་པ་དང་། རྒྱ་ཡིག་སློབ་གཉེར་བྱེད་མཁན་བོད་ཕྲུག་རྣམས་ལ་མཐོང་མཆན་གྱི་དཀའ་ངལ་འཕྲད་བཞིན་པ་དེ་དག་སེལ་ཐབས་དང་། བོད་པའི་སློབ་ཕྲུག་རྣམས་ལ་རྒྱ་ཡིག་སློབ་གཉེར་བྱེད་རྒྱུའི་གོ་སྐབས་ཙམ་མིན་པར་ལག་འཁྱེར་ཡོད་པའི་སློབ་ཚན་ཐོག་སློབ་སྦྱོང་གི་མཐོང་མཆན་གནང་ཐབས་ཀྱི་དགོངས་བཞེས་གནང་ཐབས་ཡོང་བ་སོགས་ཞུས་གནང་བ་དང་ཆབས་ཅིག ཐའེ་ཝན་ནི་རྒྱལ་སྤྱིའི་ནང་མིག་དཔེ་འོས་པའི་མང་གཙོ་ཅན་གྱི་རྒྱལ་ཁབ་ཅིག་ཡིན་སྟབས། བོད་ཀྱི་གནད་དོན་ཐད་རྒྱབ་སྐྱོར་ཇི་ཙམ་གནང་ཐུབ་ན་ཐའེ་ཝན་རང་ཉིད་ལའང་རྒྱལ་སྤྱིའི་ཐོག་མཐོང་ཆེ་རུ་འགྲོ་རྒྱུའི་དགེ་མཚན་ཡོད་སྐོར་གསུངས་པར། ཐའེ་ཝན་གྱི་ཕྱི་སྲིད་བློ་ཆེན་མཆོག་གིས་ཕྱི་དྲིལ་བཀའ་བློན་མཆོག་ཐའེ་ཝན་དུ་འཚམས་གཟིགས་ལ་ཕེབས་པར་དགའ་བསུའི་འཚམས་འདྲི་ཞུས་གནང་པ་དང་སྦྲགས་ཐའེ་ཝན་ནས་བོད་ཀྱི་གནད་དོན་ཐད་དུས་རྒྱུན་དུ་དོ་སྣང་དང་སེམས་ཁུར་ཆེན་པོ་གནང་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་། དེ་བཞིན་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་ཡོད་ཅེས་དང་། བོད་ཀྱི་གནད་དོན་ཐད་ལའང་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་འགྲེལ་བརྗོད་ཁ་གསལ་གནང་ཡོད་འདུག དེ་བཞིན་ཁོང་གིས་ཡུ་རོབ་ཁུལ་དུ་ཐའེ་ཝན་གཞུང་ཚབ་ཁང་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་ཁང་ཁག་གི་དབར་འབྲེལ་ཐག་ཟབ་ཏུ་གཏོང་དགོས་པའི་དགོངས་འཆར་འདོན་གནང་བར་ཕྱི་དྲིལ་བཀའ་བློན་མཆོག་གིས་དགའ་བསུ་ཞུས་གནང་ཡོད་འདུག ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཐའེ་ཝན་ནང་ཡོད་པའི་བོད་མི་ཚོར་མཐོང་མཆན་གྱི་དཀའ་ངལ་སེལ་ཕྱོགས་སྐོར་སྲིད་བློན་ལས་ཁུངས་ཀྱི་འབྲེལ་ཡོད་སྲིད་དོན་འགོ་འཛིན་ནས་ལྷན་ཁང་ཁག་དང་འབྲེལ་བ་གནང་སྟེ་དཀའ་ངལ་སེལ་ཕྱོགས་ཀྱི་ཐབས་ལམ་བཙལ་དང་འཚོལ་མུས་ཡིན་པ་དང་། ཕྱི་སྲིད་ལས་ཁུངས་ནས་ཀྱང་དུས་ཚོད་ཕྲན་བུ་འགོར་སྲིད་ཀྱང་། དཀའ་ངལ་སེལ་ཕྱོགས་སྐོར་ད་དུང་སྲིད་བློན་ལས་ཁུངས་དང་མུ་མཐུད་འབྲེལ་བ་གནང་སྟེ་ཐབས་ཤེས་གང་ཡོད་ཞུ་རྒྱུའི་འགན་ལེན་གཙང་མ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་འདུག སྐབས་དེར་ཐའེ་ཝན་ཕྱི་སྲིད་ལས་ཁུངས་ཀྱི་ཤར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ (Amb. Wallace M. G Chow)དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་། དོན་ཁང་གི་དྲུང་ཆེ་མི་འགྱུར་གཡུ་སྒྲོན་བཅས་མཉམ་ཞུགས་གནང་ཡོད་པ་རེད་འདུག ། གསར་འགོད་པ་སྐལ་བཟང་དོན་གྲུབ། 

རྒྱལ་ཚོགས་སུ་བོད་དོན་གླེང་སློང་བྱུང་འདུག

ཟླ་༣པའི་ཚེས་༢༧ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན།མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༥༢པ་འཚོག་བཞིན་པའི་སྐབས།རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཨ་རི་དང་།ཡུ་རོབ་མཐུན་ཚོགས།ཉི་ཧོང་།ཨོ་སི་ཀྲོ་ལི་ཡ།ཨོ་སི་ཀྲོ་རི་ཡ།སྦེལ་ཇེམ།ཅེག་སྤྱི་མཐུན་རྒྱལ་ཁབ།ཌེན་མགཧྥིན་ལན་ཌ།འཇར་མན།ཨར་ལན་ཌ།ལི་ཐུ་ནི་ཡཱ།ནོར་ཝེ།སུད་སི།དབྱིན་ཡུལ།སུ་ཝི་ཌན་སོགས་ནས་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནསབོད་ཚུད་པའི་རྒྱ་ནག་གཞུང་གི་དབང་བསྒྱུར་འོག་ཡོད་པའི་ས་ཁུལ་གཞན་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་སྐོར་ཐུགས་འཚབ་ཀྱིས།གླེང་སློང་ཤུགས་ཆེ་གནང་ནས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ཁག་ལ་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད་འདུག དེ་ཡང་ཨོ་སི་ཀྲོ་ལི་ཡའི་སྐུ་ཚབ་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་སྟེ་བོད་མིའི་ཆོས་དད་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཐོབ་ཐང་དང་རང་དབང་རྩ་གཏོར་གཏོང་བཞིན་པར་ཧ་ཅང་ཐུགས་འཚབ་ཡོད་སྐོར་གསུངས། སྦེལ་ཇེམ་གྱི་སྐུ་ཚབ་ནས་རྒྱ་ནག་གཞུང་གིས་བོད་པའི་ཕྲུ་གུ་རྣམས་བཙན་དབང་གིས་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་བ་དང་། རིགས་རྫས་དཔེ་མཚོན་བསྡུ་ལེན་བྱེད་བཞིན་པར་ཧ་ཅང་ཐུགས་འཚབ་ཡོད་སྐོར་གསུངས། ཧྥིན་ལན་ཌ་སྐུ་ཚབ་ནས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ། ཁྲིམས་རྩོད་པ། ཤེས་ལྡན་མི་སྣ་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་ངེས་པར་བྱེད་དགོས་པའི་འབོད་སྐུལ་གནང་ཡོད། ཨ་རིའི་སྐུ་ཚབ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས། རྒྱ་ནག་གཞུང་གིས་བོད་དང་ས་ཁུལ་གཞན་ཁག་ཏུ་མནར་གཅོད་གཏོང་བཞིན་པའི་ཐད་ངེས་པར་ཐུགས་སྣང་གནང་དགོས་ཞེས་གསུངས། དེ་བཞིན་ཌེན་མག་དང་། དབྱིན་ཡུལ། ཡུ་རོབ་མཐུན་ཚོགས། ཉི་ཧོང་། སྦེལ་ཇེམ། ཅེག་སྤྱི་མཐུན་རྒྱལ་ཁབ། འཇར་མན། ཨར་ལན་ཌ། ལི་ཐུ་ནི་ཡཱ། ནོར་ཝེ། སུད་སི། དབྱིན་ཡུལ། སུ་ཝི་ཌན་སོགས་ཀྱི་སྐུ་ཚབ་ཚོས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བ་མ་ཟད། བོད་པའི་ཕྲུ་གུ་རྣམས་ཕ་མ་དང་ཁ་བྲལ་བཅུག་སྟེ་བཙན་དབང་གིས་གཏན་འཇགས་སློབ་གྲྭ་ཁག་ཏུ་གཏོང་བཞིན་པའི་སྐོར་ཧ་ཅང་ཐུགས་འཚབ་ཡོད་སྐོར་གསུངས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ ཚོགས་གཙོ་སྐུ་ཞབས་ཝོལ་ཀར་ཊར་ཀི་ཡིས་རྒྱ་ནག་གཞུང་དང་ལྷན་དུ་བོད་མི་དང་། ཡུ་གུར་མི་རིགས། མི་རིགས་གཞན་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་འབྲེལ་མོལ་གྱི་སྒོ་མོ་ཕྱེ་ཡོད་སྐོར་གསུངས་ཡོད་འདུག ། གསར་འགོད་པ་སྐལ་བཟང་དོན་གྲུབ།

༢༠༢༢ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ།

ཟླ་འདིའི་ཚེས་༢༨ ཉིན་དྷ་སར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་༢༠༢༢ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ་ཞིག་རྒྱ་བོད་དབྱིན་གསུམ་གྱི་སྐད་ཡིག་ཐོག་འདོན་སྤེལ་གྱི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སོང་ལ། ༢༠༢༢ ལོར་སླར་ཡང་བོད་མི་གསུམ་གྱིས་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་དང་ཉེ་བའི་མཚམས་སུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། ཕྱི་ལོ་༢༠༢༢ ལོ་ནི་ཉེ་དུས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཆེ་ཤོས་སུ་འགྱུར་ཡོད་པའི་དུས་སྐབས་ཤིག་ཡིན་རབས་བརྗོད་སོང་། སྐབས་དེར་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ལུང་རྟོགས་ཀྱིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་རྒྱ་གཞུང་གིས་བོད་མི་སྐྱ་སེར་ཕོ་མོ་རྒན་གཞོན་དབྱེར་མེད་ས་ཡ་དུ་མ་ལ་འདོད་མོས་ཡོད་མེད་ལ་མ་ལྟོས་པར་ཁོང་ཚོའི་རིགས་རྫས་(DNA) བཙན་གྱིས་བསྡུ་ལེན་བྱས་ཡོད་པའི་གནས་ཚུལ་གསལ་རྟོགས་བྱུང་ཡོད་རབས་དང་། རིགས་རྫས་ཕོན་ཆེན་བསྡུ་ལེན་བྱེད་པ་དེ་ནི་དུས་རྒྱུན་དྲྭ་ཐོག་ཏུ་སོ་ཉུལ་བྱེད་པ་དང་ས་ཆ་གང་སར་གློག་མིག་བཙུགས་པ། ཁང་ཁྱིན་དང་འགག་སྒོ་སོགས་ནས་བསྔོག་བཤེར་བྱེད་པ་བཅས་ཀྱིས་མི་མང་གི་འགྲོ་འདུག་སྤྱོད་གསུམ་ཡོད་ཚད་རྒྱ་གཞུང་གི་དོ་དམ་འོག་འཇུག་ཐབས་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་གཞུང་གི་ངན་ཇུས་ཐེར་འདོན་བྱེད་མཁན་བོད་མི་ཚོར་སྔར་ལས་ལྷག་པའི་དྲག་གནོན་བྱེད་རྒྱུ་ལ་དམིགས་ནས་བཙུགས་པའི་དམ་དྲག་བྱེད་ཐབས་ཀྱི་ཆ་ཤས་གསར་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་སོང་། སྙན་ཐོའི་ནང་དུ་དཀའ་སྡུག་ཆེ་བའི་རིམས་ནད་དང་ཞིབ་བཤེར་དང་སྒེར་གྱི་གནས་ཚུལ། ཆོས་ལུགས་དད་མོས་རང་དབང་དང་ཤེས་ཡོན་དང་སྐད་ཡིག་གི་ཐོབ་ཐང་། གང་བྱུང་འཇུ་བཟུང་དང་མནར་གཅོད། སྨྲ་བརྗོད་རང་དབང་སོགས་བརྗོད་གཞི་སྣ་ཚོགས་ཐོག་ཞི་ཕྲིའི་གནས་ཚུལ་བཀོད་པའི་ཤོག་གྲངས་ལྔ་བཅུ་ང་དགུ་ཅན་གྱི་སྙན་ཐོ་ཞིག་འདོན་སྤེལ་བྱས་སོང་། སྙན་ཐོའི་ནང་བཙན་བྱོལ་བོད་མི་ལས་འགུལ་བ་མང་དག་ཅིག་ལ་གནོན་ཤུགས་སྤྲོད་བཞིན་ཡོད་པ་མ་ཟད། ལྷག་པར་དུ་བོད་ནང་དུ་ཕ་མ་དང་ཉེ་འབྲེལ་ཡོད་མཁན་ཚོར་དངོས་ཤུགས་བརྒྱུད་གསུམ་གྱི་ལམ་ནས་དམ་དྲག་བྱེད་ཐབས་བྱེད་བཞིན་ཡོད་པ། རྒྱ་ནག་གཞུང་གིས་གཞིས་བྱེས་བོད་མིའི་བར་གྱི་འབྲེལ་ལམ་གཅོད་པར་འབད་བརྩོན་སྣ་ཚོགས་བྱེད་བཞིན་ཡོད་པ། ལྷག་པར་དུ་བོད་ནང་ཡོད་མཁན་ཚོས་འབྲེལ་ཡོད་བརྒྱུད་ནས་༧གོང་ས་མཆོག་གི་སྐུ་མདུན་དུ་ཤི་བོར་བསྔོ་རྟེན་དང་གསོན་པོར་སྐྱབས་རྟེན་ཕུལ་ན་ཡང་འཇུ་བཟུང་བཙན་ཁྲིད་བྱེད་པ་དང་ཉེས་ཆད་ལྕི་མོ་གཅོད་ཀྱི་ཡོད་པ། རྒྱ་ནག་གཞུང་གིས་རིམས་ནད་གཙང་དག་གི་སྲིད་བྱུས་ཟེར་བ་ལག་བསྟར་གྱིས་སྔར་ལས་ལྷག་པའི་དམ་དྲག་ཚོད་མེད་བྱས་པར་བརྟེན། བོད་མི་གཙོས་རྒྱ་ནག་གི་དབང་འོག་ཏུ་གནས་པའི་མི་མང་ས་ཡང་མང་པོར་དཀའ་སྡུག་ཚད་མེད་སྤྲད་ཡོད་པས་ཕྱི་ལོ་༢༠༢༢ ནི་ཉེ་དུས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཚབས་ཆེ་ཤོས་སུ་འགྱུར་ཡོད་པའི་དུས་ཤིག་ཡིན་པ་སོགས་ཀྱི་གནས་ཚུལ་མང་དག་ཅིག་བཀོད་འདུག།། གསར་འགོད་པ། བློ་བཟང་རྒྱ་མཚོ།  

བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་བསྐོ་འཛུགས་བྱེད་རྒྱུར་མང་མོས་རྒྱབ་སྐྱོར་ཐོབ་སོང་།

ཟླ་༣ པའི་ཚེས་༢༥ ཉིན་ཏེ་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་མཐའ་མར། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་བསྐོ་འཛུགས་དགོས་པའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་༣༣ པའི་ཐོག་ཏུ། སྤྱི་འཐུས་མང་པོ་ཞིག་གིས་བསམ་ཚུལ་བཤད་སོང་བ་དང་། མཐའ་མ་དེར་གྲོས་ཆོད་དེར་རྒྱབ་སྐྱོར་བྱེད་མཁན་སྤྱི་འཐུས་༢༨ བྱུང་ནས་མང་མོས་རྒྱབ་སྐྱོར་ཐོབ་སོང་བས། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་བསྐོ་འཛུགས་བྱེད་རྒྱུ་ཡིན་པ་རེད། དེ་བཞིན་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དང་འབྲེལ་བའི་གྲོས་ཆོད་ལ་ཡང་མང་མོས་རྒྱབ་སྐྱོར་ཐོབ་སོང་། ཡིག་ཆ་ཨང་༣༣ པའི་གྲོས་ཆོད་གྲོས་འཆར་གྱི་སྔོན་གླེང་ནང་དུ། ད་བར་གྲོས་ཚོགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཐེངས་༣༥ པ་བར་གནང་ཟིན་ནའང་ད་དུང་གསལ་ཁ་དགོས་ངེས་ཁག་ལ་གཞིགས་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་རང་སོར་གནས་ཐོག་བསྐྱར་བཅོས་ཇི་དགོས་དང༌། དེ་འབྲེལ་ཁྲིམས་སྒྲིག་གཞན་ཁག་ལའང་བསྐྱར་བཅོས་ཇི་དགོས་བསྐྱར་ཞིབ་ཀྱིས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་བསྐོ་འཛུགས་བྱ་རྒྱུ་དང་འབྲེལ་བའི་གྲོས་ཆོད་ཅིག་འཇོག་དགོས་སུ་མཐོང་ཞེས་གསལ་འདུག་པ་དང་། གྲོས་ཆོད་དུ་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཆེད་ཚོགས་གཙོ་སྦྲེལ་པོས་ཚོགས་མི་ལྔ་ལས་གྲུབ་པའི་ཆེད་འཛུགས་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་དགོས། ཚོགས་ཆུང་དེས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་རང་སོར་གནས་ཐོག་ད་དུང་གསལ་ཁ་དགོས་ངེས་ཡོད་པར་བསྐྱར་བཅོས་ཇི་དགོས་དང་། དེ་འབྲེལ་ཁྲིམས་སྒྲིག་གཞན་ཁག་ལའང་བསྐྱར་བཅོས་ཇི་དགོས་བསྐྱར་ཞིབ་གནང་ནས་བསྐྱར་བཅོས་ཟིན་བྲིས་བཟོ་འགོད་གནང་ཕྱོགས་གོ་བསྡུར་གྱིས་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དང་འཆཪ་འབུལ་གྱི་ཟིན་བྲིས་བཅས་ཕྱི་ལོ་༢༠༢༤ ཟླ་༢ པའི་ཟླ་མཇུག་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཟིན་པ་དགོས་ཞེས་གསལ་འདུག་པས། གྲོས་ཆོད་དེར་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་པ་རེད། དེ་བཞིན་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་༣༤ པའི་གྲོས་ཆོད་དུ། ༡༽ གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་རང་སྐྱོང་ཁེ་གཉེར་ཁང་ཞིག་ཏུ་བསྒྱུར་ཐབས་ཀྱི་ལས་དོན་མཇུག་སྐྱོང་གི་འགྲོ་ལུགས་ལག་བསྟར་འཆར་གཞི་བཟོ་འགོད་ཚོགས་ཆུང་གི་ངོས་ནས་ལས་དོན་ཞིབ་ཚགས་ཀྱིས་འཁུར་བསྐྱེད་གང་ལེགས་གནང་འདུག་པར་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ། ༢) བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་བརྒྱུད་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འགན་འཛིན་ལྷན་ཚོགས་ནས། གྲོས་ཚོགས་ཀྱི་ཆེད་བཙུགས་ཚོགས་ཆུང་གི་སྙན་ཐོ་དེ་ཉིད་དཔྱད་གཞིའི་ལམ་སྟོན་དུ་བཟུང་བའི་ཐོག་དེབ་སྐྱེལ་ཚོགས་པའི་ཁྲིམས་སྒྲིག་དང་འགྲོ་ལུགས་ལ་བསྟུན་ཏེ། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་ཏུ་བསྒྱུར་རྒྱུའི་འཇུག་སྐྱོང་ལས་དོན་བྱེད་སྒོ་རྣམས་འཕྲལ་མྱུར་ལག་བསྟར་དགོས་རྒྱུ། ༣༽ བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་དངུལ་ཁང་ལྟ་བུའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་མིང་དོན་མཚུངས་པའི་རང་སྐྱོང་ཁེ་གཉེར་ཁང་གི་ལས་དོན་ལག་བསྟར་ཞུ་སྐབས་ལོ་རེའི་ལས་བསྡོམས་འགོད་འབུལ་དང་། རྩིས་ཞིབ་ལས་ཁང་ནས་རྩིས་ཁྲར་ཞིབ་འཇུག་བྱ་དགོས་ཞེས་གསལ་འདུག་པས། གྲོས་ཆོད་དེར་སྤྱི་འཐུས་༢༢ ཀྱིས་རྒྱབ་སྐྱོར་བྱུང་ནས་མང་མོས་ཐོག་ནས་གཏན་འབེབས་བྱུང་སོང་། ཚོགས་གཙོའི་མཇུག་བསྡོམས་ཀྱི་གསུང་བཤད་ནང་དུ། ཐེངས་འདིའི་གྲོས་ཚོགས་ནང་དུ་དང་དེ་སྔོན་གྱི་གྲོས་ཚོགས་ཚོགས་ཐེངས་ཁག་ནང་དུ་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་དེ་ཐེངས་བཞི་སླེབས་ཀྱང་གཏན་འབེབས་ཐུབ་མེད་པ། ཁྲིམས་བཟོའི་འགན་དེ་གྲོས་ཚོགས་ལ་ཡོད་ཀྱང་འབྲེལ་བ་ཆ་ཚང་ལ་ཆགས་ཡོད་པ། ཁྲིམས་བཟོ་མི་ཐུབ་པ་དེའི་རྒྱུ་མཚན་གང་ཡིན་པ་འབྲེལ་ཡོད་ཚང་མས་གསལ་པོ་ཤེས་དགོས་པ། གནད་དོན་དེ་གཙང་མ་ཆགས་དགོས་པ་དེ་ངོས་འཛིན་གནང་དགོས་པས། ཚང་མས་གུ་ཡངས་དང་བསམ་ཤེས་གནང་དགོས་རྒྱུ་གལ་ཆེན་ཡིན་པ། གལ་ཏེ་མུ་མཐུད་ནས་དེ་འདྲ་སོང་ཚེ་སྒྲིག་འཛུགས་ཀྱི་གནས་སྟངས་གང་འདྲ་ཆགས་མིན་སེམས་འཚབ་ཡོད་པ། དེ་བཞིན་མང་ཚོགས་ནང་ཁག་ཅིག་གིས་གྲོས་ཚོགས་ཀྱི་བཀའ་མོལ་གཏུབ་ནས་དཀྲོག་གཏམ་གྱི་རྣམ་པ་བཟོ་ཐབས་བྱེད་ཀྱི་འདུག་པས། དེ་འདྲ་རིགས་གནང་མི་ཉན་པ། མང་ཚོགས་ནས་ཀྱང་གྲོས་ཚོགས་ཀྱི་སྐད་ཆ་ཆ་ཚང་བ་ཉན་དགོས་པ། མང་གཙོ་སྲུང་སྐྱོབ་བྱེད་པའི་འགན་མང་ཚོགས་ལ་ཡང་ཡོད་པ་སོགས་ཀྱི་གསུང་བཤད་གནང་སོང་།། གསར་འགོད་པ་སྐལ་བཟང་དོན་གྲུབ།

༧གོང་ས་མཆོག་གིས་དབུ་ཁྲིད་དང་བདེ་སྐྱིད་ཀྱི་ལྷན་ཚོགས་ཐོག་བཀའ་སློབ་བསྩལ་གནང་འདུག

ཟླ་༣ པའི་ཚེས་༢༣ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེ་བའི་ཨ་རིའི་ཧ་ཝར་ཌ་གཙུག་ལག་སློབ་གཉེར་ཁང་གི་དབུ་ཁྲིད་དང་བདེ་སྐྱིད་སློབ་གསོའི་སློབ་དཔོན་སྐུ་ཞབས་ཨོར་ཐེར་བྷེ་རུག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས། དབུ་ཁྲིད་དང་བདེ་སྐྱིད་ཅེས་པའི་ཉིན་གཉིས་རིང་གི་ལྷན་ཚོགས་དབུ་འཛུགས་གནང་འདུག་པ་དང་། སྐབས་དེར་༧གོང་ས་མཆོག་ནས་བཀའ་སློབ་བསྩལ་གནང་འདུག སྐུ་ཞབས་ཨོར་ཐེར་བྷེ་རུག་གིས་དེ་རིང་༸གོང་ས་མཆོག་དབུ་བཞུགས་ཐོག་ཧ་ཝར་ཌ་གཙུག་ལག་སློབ་གཉེར་ཁང་དུ་བདེ་སྐྱིད་ཀྱི་བརྟག་དཔྱད་ཁང་གསར་པ་ཞིག་དབུ་འཛུགས་གནང་གི་ཡོད་པར་སྙན་སེང་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་ལམ་སྟོན་མཛད་པར་བརྟེན་ནས་དེ་ལྟར་བྱུང་བ་ཡིན་པ་གསུངས་ནས། ལས་གཞི་དེ་ནི་དེ་སྔ་ལོ་བཅུའི་གོང་ལ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དང་སློབ་མ་ཁག་གཅིག་བཞུགས་སྒར་དུ་ཆེད་བཅར་ཞུས་ཏེ་༸གོང་ས་མཆོག་ལ་བདེ་སྐྱིད་ཀྱི་རིག་པའི་སྐོར་ལ་བཀའ་འདྲི་དགོངས་སྐོར་ཞུས་སྐབས་མགོན་པོ་༸གང་ཉིད་མཆོག་གིས་དེར་བཀའ་ལན་བསྩལ་ཡོད་པ་ལྟར། ཁོང་རྣམས་ཀྱིས་ད་ཆ་ཚན་རིག་ནང་ལག་བསྟར་གནང་བཞིན་པ་མ་ཟད། ད་ལྟའི་ལས་གཞི་གསར་པ་དེ་ཉིད་གསར་འཛུགས་དང་དེ་འབྲེལ་ཉམས་ཞིབ་ཁག་དབུ་འཛུགས་གནང་བར་ཕན་ཐོགས་ཆེན་པོ་བྱུང་ཞེས་གསུངས་འདུག སྐབས་དེར་༸གོང་ས་མཆོག་གིས་ཚོགས་བཅར་བ་ཡོངས་ལ་ང་ཚོའི་ཕྱིའི་ལུས་པོའི་གནས་སྟངས་དེ་གཙོ་བོ་ནང་སེམས་ལ་བརྟེན་དགོས་པ་དང་། ཇི་ཙམ་གྱིས་སེམས་ལ་ཞི་བདེ་ཡོད་པ་དེ་ཚོད་ཀྱིས་ལུས་བདེ་ཐང་ཡོང་བར་ཁྱད་པར་ཡོད་པ་ཚན་རིག་གི་གྲུབ་དོན་ཡིན་པ། བསམ་བློའི་གནས་ཚད་ཞི་བདེ་བག་ཕེབས་ངང་ཡོད་ཚེ་འདིའི་ཕྱིའི་གཟུགས་པོ་ལ་ཤུགས་རྐྱེན་ཡག་པོ་ཐེབས་ངེས་ཡིན་པ་དང་། གལ་ཏེ་སེམས་ཁྲལ་མང་པོ་དང་ཡང་སྐབས་རེ་ཁོང་ཁྲོ་མང་པོ་ལང་པ་ཡིན་ན་དེས་ཕྱིའི་གཟུགས་པོ་ལ་ཡང་གནོད་སྐྱོན་ཆེན་པོ་ཡོད་དུས། ང་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་སེམས་རྒྱུད་ལ་བྱམས་སྙིང་རྗེ་ལྡན་པ་ཞིག་གནང་རྒྱུ་གལ་ཆེན་ཡིན་པར་བཀའ་བསྩལ་འདུག སྐུ་ཞབས་ལགས་ཨོར་ཐེར་བྷེ་རུག་དང་། (Atlantic )དུས་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐུ་ཞབས་རྗེ་ཧྥེ་རཱི་གྷོལ་བྷེར་གྷ་རྣམ་གཉིས་ཀྱིས་དབུས་པའི་སློབ་དཔོན་དང་སློབ་མ་ཁག་ཅིག་བཞུགས་སྒར་དུ་ཕེབས་པ་དང་བསྟུན་དེ་རིང་ཉིན་རྒྱབ་ཏུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འཚམས་གཟིགས་དང་གྲོས་ཚོགས་སུ་ཕེབས་གནང་ཡོད་པ་རེད་འདུག ། གསར་འགོད་པ་སྐལ་བཟང་དོན་གྲུབ།

འགྲོ་ཕན་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་སྲུང་བརྩི་ཞུས་སོང་།

ཟླ་༣ པའི་༢༣ ཉིན་ནི་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༡༦ ལོར་བོད་ཀྱི་སྨན་རྩིས་ཁང་ཕྱག་བཏབ་ནས་མི་ལོ་ ༡༠༧ དང་། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༦༡ ལོར་བཞུགས་སྒར་རྡ་སར་འགྲོ་ཕན་སྨན་རྩིས་ཁང་བསྐྱར་འཛུགས་བསྐྱངས་ཏེ་ལོ་ངོ་ ༦༢ འཁོར་བའི་ཉིན་མོ་ཡིན་པ་དང་བསྟུན། རྡ་ས་དབུས་འགྲོ་ཕན་སྨན་རྩིས་ཁང་དུ་དུས་དྲན་གྱི་མཛད་སྒོ་ཞིག་འཚོགས་གནང་སོང་།  སྐབས་དེར་མཐོ་སློབ་ཀྱི་སློབ་སྤྱི་སྨན་པ་ངག་དབང་བཟོད་པ་དང་མི་ཤུགས་ཚན་པའི་འགན་འཛིན་གཉིས་ནས་ཞབས་ལོ་ ༣༠ དང་ ༢༠ འཁོར་བའི་ལས་བྱེད་ཁག་ཅིག་ལ་གཟེངས་བསྟོད་ཕྱག་འཁྱེར་དང་སྐབས་ཉི་ཤུ་པའི་སློབ་ཐོན་སྨན་པ་ ༢༣ ལ་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་བཅས་བསྩལ་གནང་སོང་། འགྲོ་ཕན་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་གིས། ད་ལྟའི་ཆར་སྨན་རྩིས་ཁང་ལ་ཁྱོན་ལས་བྱེད་ ༦༤༡ ཡོད་པའི་ནང་ནས་སྨན་པ་ ༡༤༨ དང་སྐར་རྩིས་པ་ ༣༡། རྒྱ་བལ་གཉིས་སུ་ཡན་ལག་སྨན་ཁང་ཁྱོན་ ༦༣ ཡོད་པ། བསླབ་པ་མཐར་སོན་དང་རྒྱུད་གསུམ་ངག་རྒྱུགས་འབུལ་མཁན་གྱི་ཕྱག་འཁྱེར་བཞེས་མཁན་སྐབས་ཉི་ཤུ་བའི་སྨན་པ་རྣམས་དང་། ཞབས་ལོ་ཉི་ཤུ་དང་སུམ་ཅུ་ལོན་པའི་གཟེངས་རྟགས་ཕྱག་འཁྱེར་བཞེས་མཁན་ལས་བྱེད་རྣམས་ལ་འཚམས་འདྲི་ཞུས་ཏེ། ལོ་འདིར་ཆོད་གན་ལས་བྱེད་ཀྱི་དུས་ཡུན་ཕར་འགྱངས་མི་ཐུབ་པ་དང་། སྨན་སློབ་སྐབས་ཉི་ཤུ་དང་རྩིས་སློབ་སྐབས་བཅུ་གཅིག་པ་ནས་བཟུང་ལས་ཀའི་ས་མིག་ཐོན་ན་འདེམས་རྒྱུགས་ལམ་ནས་མ་གཏོགས་ལས་བྱེད་དུ་འཇུག་བཞེས་མི་ཐུབ་པའི་གསལ་བསྒྲགས་སྤེལ་དགོས་བྱུང་བ་ནི། སྐབས་བབས་མི་རྒྱུ་གཉིས་ཀྱི་གནས་སྟངས་དབང་གིས་ཡིན་པ། སྐབས་ཉི་ཤུའི་སྨན་པའི་ཁྲོད་ནས་སྒེར་གྱི་སྨན་ཁང་བཟུང་མཁན་ཡོད་ཚེ་འགྲོ་ཕན་སྨན་རྩིས་ཁང་ནས་སྨན་དང་རིན་ཆེན་རིལ་བུ། ཐོན་དངོས་བཅས་ཀྱི་ཐོག་ལ་བརྒྱ་ཆ་ཉི་ཤུ་ཙམ་གྱི་ཆག་ཡང་ཐོག་ཉོ་ཚོང་བྱ་རྒྱུ་དང་། འགྲོ་ལུགས་ལྟར་དགོས་ངེས་ཀྱི་གན་རྒྱ་འཇོག་རྒྱུ། དམའ་མཐའི་ཚད་གཞི་བཟོ་རྒྱུ་རིགས་བྱེད་པའི་ཐོག་ནས་ཉོ་ཚོང་བྱ་རྒྱུ་ཡིན་སྐོར་དང་། ད་ལྟའི་ཆར་སྨན་རྩིས་ཁང་གི་སྨན་པ་བཞི་ཀཱ་ཛཱག་ཀི་སི་ཐན་དུ་བསྐྱོད་པའི་གོ་སྐབས་ཐོབ་ཀྱི་ཡོད་པ་དང་། ཕྱི་ནང་སྡེ་ཚོགས་གཞན་ནས་སྨན་པའི་དགོས་མཁོ་ཞུ་མཁན་བྱུང་ཚེ་གོ་སྐབས་སྤྲོད་རྒྱུ་ཡིན་པ། ད་བར་ཁོང་ནས་དུས་ཡུན་ལོ་གཅིག་རིང་འཛིན་སྐྱོང་གི་བྱེད་སྒོ་ཁག་ལ་འགྱུར་བཅོས་ཆེ་འབྲིང་ཆུང་གསུམ་གཏོང་སྐབས། ཚང་མས་བརྩི་སྲུང་མཉམ་རུབ་གང་ལེགས་གནང་བ་དང་།  ལོ་འདིར་བསྒྲུབ་དགོས་པའི་ལས་དོན་གལ་ཆེན་གཉིས་ནི། སྨན་རྩིས་ཁང་གི་ལས་བྱེད་ལས་ཟུར་པ་རྣམས་ནས་རྗེས་ལོར་༧རྒྱལ་དབང་ཐམས་ཅད་མཁྱེན་པར་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། དགའ་ལྡན་ཕོ་བྲང་ནས་ལམ་སྟོན་དང་ས་ཆ་གསོལ་བསྩལ་བྱུང་ཚེ་གནས་མཆོག་རྡོ་རྗེ་གདན་དུ་ཏཱ་ལའི་བླ་མ་གནའ་བོའི་བོད་དང་རྒྱ་གར་རིག་གཞུང་གི་བསྟི་གནས་ཁོངས་སུ་སྨན་རྩིས་ཁང་གི་ཡན་ལག་གམ་བསྟི་གནས་ཤིག་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན་སྐོར་སོགས་བརྗོད་སོང་། དམིགས་བསལ་སྐུ་མགྲོན་ཀངྒ་ར་ཨ་ཡུ་ཤི་ལས་ཁུངས་ཀྱི་ངེས་སྟོན་པ་གཞོན་པ་སྨན་པ་ཨ་ནིལ་ཀུ་མར་གྱིས། སྨན་རྩིས་ཁང་བསྐྱར་འཛུགས་བྱུང་ནས་ལོ་ངོ་ ༦༢ འཁོར་བའི་དུས་དྲན་ལ་སྨན་རྩིས་ཁང་གི་ལས་སློབ་ཡོངས་ལ་འཚམས་འདྲི་ཞུ་བ་དང་། རྒྱ་གར་གཞུང་གིས་གསོ་བ་རིག་པ་ལ་ཆེ་མཐོང་སྤྲོད་ཀྱི་ཡོད་པ་དང་། ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གིས་སྨན་རྩིས་ཁང་ལ་ཆེ་མཐོང་སྤྲོད་ཀྱིན་ཡོད་པ་དང་། ཉི་ཧོང་སོགས་ཕྱིའི་རྒྱལ་ཁབ་ཀྱི་མི་མང་པོས་གསོ་བ་རིག་པ་སྦྱོང་འདོད་བྱེད་ཀྱི་ཡོད་པ། ད་བར་སྨན་རྩིས་ཁང་གི་སྨན་བཅོས་ཐབས་ལམ་བརྒྱུད་མི་མང་པོའི་འཕྲོད་བསྟེན་ཐོག་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དང་། སྨན་རྩིས་ཁང་གི་ཕྱག་ལས་གནང་ཕྱོགས་ལ་ཡིད་སྨོན་སྐྱེ་ཡི་ཡོད་པ་སོགས་ཀྱི་སྐོར་གསུངས་སོང་། […]