དགེ་ལྡན་པའི་ལོ་འཁོར་རྒྱུགས་སྤྲོད་ཀྱི་མཇུག་བསྡོམས།
ཟླ་འདིའི་ཚེས་༢༠ ཉིན་རྒྱབ་རྒྱ་གར་ལྷོ་ཕྱོགས་མོན་གྷོ། འབྲས་སྤུངས་སུ་འཚོགས་བཞིན་པའི་དགེ་ལྡན་ལུགས་བཟང་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ཚར་བའི་མཇུག་བསྡོམས་བྱས་ཡོད་པ་རེད།
ལོ་འཁོར་རྒྱུགས་སྤྲོད་དེ་ཕྱི་ཟླ་༨ པའི་ཚེས་༣༡ ནས་ཕྱི་ཟླ་༩ པའི་ཚེས་༢༠ བར་ཡིན་པ་དང་། མཇུག་བསྡོམས་མཛད་སྒོའི་ཐོག འབྲས་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་བློ་བཟང་ཡེ་ཤེས་གཙོས། གདན་ས་གྲྭ་ཚང་ཁག་གི་མཁན་ཚབ་རྣམ་པ། དེ་བཞིན་རྒྱུགས་ཞིབ་པ་དང་རྒྱུགས་སྤྲོད་པ་ཡོངས་མཉམ་འཛོམས་ཐོག་མཁན་པོ་དང་མཁན་ཚབ་རྣམ་ཀྱིས་རིམ་བཞིན་དགེ་ལུགས་རྒྱུགས་སྤྲོད་དང་འབྲེལ་བའི་ལེགས་སྤེལ་ཉེས་འགོག་གི་དགོངས་ཚུལ་དང་ལམ་སྟོན་གསུང་བཤད་གནང་རྗེས། དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་རྒྱུགས་ཞིབ་དོ་དམ་པ་སེར་བྱེས་དགེ་བཤེས་ཉི་མ་ཚེ་རིང་གིས་དགེ་ལྡན་རྒྱུགས་སྤྲོད་ཆེན་མོ་དང་འབྲེལ་བའི་སྐོར་གསུང་བཤད་སྐབས། ལོ་འདིའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་སྔར་དང་མ་འདྲ་བར་བྱུང་ཡོད་སྐོར་དང་། འགན་ཁུར་མཁན་གྱི་སྣེ་ལེ་བ་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་མུ་མཐུད་གསུང་དོན། གདན་ས་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་རྣམ་ཀྱིས་རྒྱུགས་ཤོག་ཞིབ་གཤེར་གནང་མཁན་གྲངས་ཀ་རྩི་བྱེད་ཙམ་མིན་པར་དགེ་བཤེས་ཚད་དང་ལྡན་པ་གཞུང་བཀའ་པོད་ལྔ་ཐུགས་ལ་མ་ངེས་ཀྱང་། ཚིག་དོན་ཅི་བཞིན་རྟོགས་མཁན་རེ་ངེས་པར་དུ་གཏོང་གནང་ཡོང་བའི་སྐྱབས་མཇུག་ཞུ་བཞིན་ཡོད་ལ། རྒྱུགས་འབྲས་ཆ་ཚང་ཞིབ་བཤེར་མ་ཚར་བར་དུ་ཕྱོགས་ཡོངས་ཀྱི་གསང་རྒྱ་དམ་ཟབ་གནང་རོགས། རྩ་བའི་རྒྱུགས་འབྲས་ཀྱི་བརྒྱ་ཆ་ཇི་ཐོབ་ད་དུང་ཤེས་ཀྱི་མེད་ཀྱང་སྤྱིར་བཏང་ནས་ད་ལོའི་རྒྱུགས་སྤྲོད་པ་མང་ཆེ་བའི་རྒྱུགས་འབྲས་ལེགས་སོན་བྱུང་ཡོད་པའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད། ད་ལྟའི་བར་ང་ཚོ་རྒྱུགས་ཞིབ་དོ་དམ་པའི་ངོས་ནས་ཉམས་མྱོང་སོགས་གོམས་བྱང་གི་མ་འདང་བའི་ཆ་ཡོད་ན་དགོངས་སེར་ཞུ་རྒྱུ་དང་། ཕྱིན་ཆད་དེའི་རིགས་མི་ཡོང་བར་འབད་བརྩོན་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད། གཞན་ཡང་འགལ་རྐྱེན་གང་ཡང་མ་བྱུང་བའི་ཐོག་ནས་རྒྱུགས་སྤྲོད་ཆ་ཚང་ལེགས་གྲུབ་བྱུང་ཡོད་སྐོར་སོགས་གསུངས་སོང་།
དེ་བཞིན་ད་ཐེངས་ཀྱི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ་རྭ་སྟོད་བཅས་ནས་དགེ་འདུན་པ་ཞལ་གྲངས་༦༦༦ ཙམ་རྒྱུགས་ཞུགས་གནང་ཡོད་པ་དང་། ཐེངས་འདིའི་དགེ་ལྡན་ལུགས་བཟང་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཆེན་པོའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་རྒྱལ་ཁའི་ངང་མཇུག་ཡོངས་སུ་དྲིལ་ཡོད་པ་རེད།།
ལྷོ་ཕྱོགས་གསལ་འགོད་པས།