ཆུ་སྒང་གི་མཆོད་འབུལ་སྨོན་ལམ།
ཟླ་འདིའི་ཚེས་༢༢ ཉིན་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་དགའ་ལྡན་དུ་༧གོང་ས་མཆོག་གིས་བྱང་ཆུབ་ལམ་རིམ་ཆེན་མོའི་གསུང་ཆོས་གནང་བ་དང་སྟབས་བསྟུན་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་མོན་གྷོ་ས་གནས་རྒྱུན་ལས་ཐུན་མོང་གི་གོ་སྒྲིག་འོག བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱི་ཆེད་དུ་མར་མེ་འབུམ་མཆོད་ཀྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་རེད།
ལས་འགུལ་དབུ་འབྱེད་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་དང་སྤྱི་འཐུས་འཇམ་དབྱངས་བཟོད་པ། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་བཅས་ཕེབས་ཡོད་པ་དང་། དེ་བཞིན་ཆུ་སྒང་དབུས་རྒྱུན་ཐུབ་བསྟན་བཀྲ་ཤིས་དང་མོན་གྷོ་ས་གནས་ཆུ་སྒང་ཚོགས་གཙོ་བློ་བཟང་སྙན་གྲགས་སོགས་ས་གནས་རྒྱུན་ལས་ཁག་གཅིག་ཕེབས་ཡོད་པ་རེད།
འདིར་ལྟར་མར་མེ་འབུམ་མཆོད་དེའི་སྐོར་མོན་གྷོ་ས་གནས་ཆུ་སྒང་ཚོགས་གཙོ་བློ་བཟང་སྙན་གྲགས་ལ་བཅར་འདྲི་བྱས་པར། མར་མེ་འབུམ་མཆོད་ཀྱི་ལས་འགུལ་སྤེལ་དགོས་གཙོ་བོ། བོད་བསྟན་པ་ཆབ་སྲིད་དང་མི་རིགས་རིག་གཞུང་དང་བཅས་པ་རྒྱ་ནག་གཞུང་གིས་གཡོ་ཐབས་སྣ་ཚོགས་ཤིག་གི་སྒོ་ནས་རྩ་མེད་བཟོས་དང་བཟོ་བཞིན་ཡོད་པ་དེར་བོད་ཕྱི་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་༡༤༠ ཙམ་གྱིས་རང་ལུས་མེར་སྲེག་བཏང་ནས་ཚད་མཐོའི་ཞི་རྒོལ་བྱས་ཡོད་པ་དེར། གདུང་སེམས་མཉམ་སྐྱེད་མཚོན་ཆེད་དང་། ཁོང་ཚོའི་ཐུགས་ཀྱི་དགོས་འདུན་མཐའ་དག་འགྲུབ་པ་དང་ངན་སོང་གི་སྐྱེ་གནས་རྣམས་སུ་ནམ་ཡང་མི་སྐྱེ་ཞིང་། དལ་འབྱོར་ཚང་བའི་མུ་ལུས་ཚད་ལྡན་ཞིག་བོད་གང་ཅན་ལྗོངས་སུ་མགྱོག་ནས་མྱུར་དུ་འཐོབ་པའི་ཆེད་དུ་མར་མེ་འབུམ་མཆོད་ཀྱི་ལས་འགུལ་འདི་སྤེལ་གྱི་ཡོད་ཅེས་གསུངས་སོང་།
ཁོང་གིས་མུ་མཐུད་ནས་གསུང་དོན། ལྷག་དོན་དུ་ཁོང་རྣམས་པའི་ཚེ་སྲོག་ཆུད་ཟོས་སུ་མི་འགྲོ་བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚོན་རྒྱལ་སྤྱི་ཁྱོན་ཡོངས་སུ་དྲིལ་བསྒྲགས་ཤུགས་ཆེན་འགྲོ་དགོས་པ་ཁ་ཚ་དགོས་གཏུག་གི་ལས་འགུལ་ཞིག་ཆགས་ཀྱི་ཡོད་པས། ཐེངས་འདིའི་༧གོང་ས་མཆོག་གི་ལམ་རིམ་གསུང་ཆོས་སྐབས་འཛམ་གླིང་གི་རྒྱལ་ཁབ་༦༠ ལྷག་གི་མི་སྣ་དང་མི་མང་ས་གནས་འདིར་འཛོམས་ཀྱི་ཡོད་པས། བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད་ཅེས་རེད་འགྲེལ་བརྗོད་བྱས་སོང།
ལས་འགུལ་འདི་ད་ལོ་ཙམ་མིན་པར་༢༠༡༢ ལོའི་༧གོང་ས་མཆོག་གི་ལམ་རིམ་གསུང་ཆོས་སྐབས་སུ་ཡང་ སྤེལ་ཡོད་པ་དང་། ཐེངས་འདིའི་ལས་འགུལ་༧གོང་ས་མཆོག་ས་གནས་ནས་ཆིབས་བསྒྱུར་གནང་མ་གྲུབ་བར་དུ་མུ་མཐུད་ནས་སྤེལ་འཆར་ཡོད་པ་རེད་འདུག
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།