བོད་ཀྱི་གཞོན་ལྷན་རྒྱུན་ལས་ཀྱིས་རྒྱ་གར་རྒྱལ་ཡོངས་ནང་སྐོར་བསྐྱོད།

ཟླ་འདིའི་ཕྱི་ཚེས་ ༡༠ ནས་འགོ་འཛུགས་ཀྱིས་བོད་ཀྱི་གཞོོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་རྣམས་ཀྱིས་རྒྱ་གར་རྒྱལ་ཡོངས་ཀྱི་བོད་པའི་དགུན་ཚོང་ཁྲོམ་ར་ཁག་ལ་བོད་དོན་འཐབ་བརྩོད་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཅེས་པའི་བརྗོད་གཞིའི་ཐོག་མི་མང་ལ་གཏམ་བཤད་ཀྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་འདུག

10850284_1_nདེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་གིས་འགྲེལ་བརྗོད་གནང་བ་ལྟར་ན། གཞོན་ལྷན་གྱི་རྒྱུན་ལས་རྣམས་ཀྱིས་༢༠༡༤ ལོའི་ཟླ་༡༢ ཚེས་ ༡༠ ནས་རྒྱ་གར་རྒྱལ་ཡོངས་ཀྱི་བོད་པའི་དགུན་ཚོང་ཁྲོམ་ར་བརྒྱ་ལྷག་ཙམ་ཞིག་གི་ནང་སྐོར་བསྐྱོད་ཀྱིས་གཏམ་བཤད་བྱས་ཡོད་པ་དང་། དབུས་རྒྱུན་རྣམས་རུ་ཁག་གསུམ་ལ་ཁག་བགོས་ཀྱིས་རྒྱ་གར་མངའ་སྡེ་ཁག་དྲུག་ཙམ་ནང་བསྐྱོད་ཀྱི་ཡོད་འདུག རིག་གཞུང་འགན་འཛིན་དང་དཔལ་འབྱོར་འགན་འཛིན་གཉིས་རྒྱ་གར་ལྷོ་ཕྱོགས་ས་ཁུལ་གྱི་མངའ་སྡེ་ཁག་དང། ཟུང་དྲུང་དང་སྒྲིག་འཛུག་འགན་འཛིན་གཉིས་རྒྱ་གར་བྱང་ཕྱོགས་ཁུལ་གྱི་མངའ་སྡེ་ཁག་ནང་། སྤྱི་ཁྱབ་དྲུང་ཆེ་དང་ཕྱི་འབྲེལ་འགན་འཛིན་གཉིས་གཙོ་བོར་རྒྱ་གར་ནུབ་ཕྱོགས་དང་ཤར་ཕྱོགས་ཀྱི་མངའ་སྡེ་ཁག་ནང་སྐོར་བསྐྱོད་བྱེད་ཀྱི་ཡོད་པ་རེད།

བཀྲིས་ལམ་བཟང་གིས་གསུང་དོན་ལྟར་ནང་རྒྱ་གར་ནང་བོད་པའི་དགུན་ཚོང་ཁྲོམ་རའི་སྐྱིད་སྡུག་ནང་ཐོ་འགོད་ཡོད་པའི་དགུན་ཚོང་ཁྲོམ་ར་ཁྱོན་ ༡༡༩ ཙམ་ཡོད་པ་དང། ཐོ་འགོད་མེད་པའི་ཁྲོམ་ར་ཡང་གང་འཚམས་ཡོད་འདུག

ད་ཐེངས་དགུན་ཚོང་ཁྲོམ་ར་ཁག་ལ་སྐོར་བསྐྱོད་དུ་འགྲོ་དགོས་པའི་རྒྱུ་མཚན་ནི་སྤྱིར་ལོ་ངོ་ ༣༠ ལྷག་གི་སྔོན་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་བོད་པའི་དགུན་ཚོང་ཁྲོམ་ར་ཁག་ལ་དམིགས་བསལ་གྱིས་འབྲེལ་ལམ་ཞིག་ཡོད་བསྡད་པ་རེད། དེ་ནི་དབུས་རྒྱུན་ལས་ཚོས་ལོ་གསུམ་རེའི་ནང་བོད་པའི་དགུན་ཚོང་ཁྲོམ་ར་ཁག་ལ་སྐོར་བསྐྱོད་ཀྱིས་གཙོ་བོར་མི་མང་ལ་བོད་དོན་གོ་རྟོགས་སྤེལ་ཆེད་དུ་གཏམ་བཤད་བྱེད་པ་དང་ཆབས་གཅིག དཔལ་འབྱོར་འདུ་འགོད་བྱས་ནས་མི་མང་ཚོར་སོ་སོའི་ལོ་གསུམ་གྱི་དགུན་ཚོང་ཁེ་ཕོག་ནས་བོད་པའི་རྩ་དོན་ཐོག་རང་ཉིད་ཀྱི་བློས་བཅད་ཀྱི་དཔལ་འབྱོར་ཞལ་འདེབས་རྒྱག་རྒྱུའི་ཆེད་དུ་ཡིན་འདུག

10364069_10153བཀྲིས་ལམ་བཟང་གིས་འགྲེལ་གནང་བ་ལྟར་ན། “ད་ལོ་ཡང་ང་ཚོ་སྐབས་བཅོ་ལྔ་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ངོས་ནས་འདི་ལྟར་སྐོར་བསྐྱོད་ལ་འགྲོ་དགོས་པ་དེ་གཅིག་ནས་ང་ཚོའི་ལས་འགན་དང་། གཉིས་ནས་བར་ལམ་ཞིག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཐོག་ལ་ཡང་མི་མང་ནང་ཧ་མ་གོ་བའི་དབང་གིས་དགོངས་ཚུལ་ཏོག་ཙམ་བྱུང་ཡོད་པ་དེ་དག་ལ་གསལ་བཤད་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་དུ་མཐོང་ནས་བོད་དོན་འཐབ་རྩོད་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཅེས་བརྗོད་གཞི་དེ་བཞག་པ་དང། མི་མང་ལ་གཏམ་བཤད་བྱས་པ་ཙམ་མིན་པར་བོད་དོན་འཐབ་རྩོད་དང་ལྷག་པར་གཞོན་ལྷན་སྐོར་ལ་དྲི་བ་གང་ཞིག་ཀྱང་དྲིས་ཆོག་པའི་གོ་སྐབས་ཕུལ་ནས་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་ཀྱི་ཡོད། ས་གནས་ཁག་གཅིག་ལ་ཚོང་ལས་བྲེལ་བ་ཆེ་བའི་སྐབས་དང་ཁེལ་དུས་གཏམ་བཤད་རྒྱུན་རིང་པོ་བྱེད་བདེ་པོ་རང་མིན་འདུག་ཀྱང་གང་ཐུབ་ཀྱིས་མདོར་བསྡུས་དང་གསལ་པོ་ཞུ་ཐབས་ཀྱང་བྱེད་བཞིན་ཡོད། ང་དང་ངའི་ལས་རོགས་ཚེ་དབང་སྒྲོལ་མ་གཉིས་རྒྱ་གར་གྱི་ར་ཇི་སི་ཐན་(Rajstan) དང་གུ་ཆུ་ར་དྷི་(Gujarat) མངའ་སྡེའི་ནང་སྐོར་བསྐྱོད་བྱས་ཟིན་ནས་ད་ལྟ་ཤར་ཕྱོགས་ས་ཁུལ་ལ་སྐྱོད་བཞིན་པ་ཡིན། སྐོར་བསྐྱོད་བྱེད་སྐབས་ཁྲོམ་ར་ཁག་གི་འཐུས་མི་དང་བརྒྱ་དཔོན་ཚོས་སྣེ་ལེན་གང་ལེགས་གནང་བ་དང་། མི་མང་གི་ངོས་ནས་ཀྱང་མཉམ་བཞུགས་ཀྱིས་དྲི་བ་འདྲི་བ་སོགས་ཧ་ཅང་ལྷུག་པོ་དང་ཡག་པོ་ཡོང་གི་འདུག མ་ཟད་མི་མང་རེ་བཟུང་གིས་བཀའ་མོལ་གསུང་སྟངས་ལ་བལྟས་ན་ང་ཚོར་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པའི་རྣམ་པ་འདུག་པས་སེམས་འགུལ་ཡང་ཚད་མེད་ཞིག་ཐེབས་བྱུང། ལྷག་པར་ད་ཐེངས་ཀྱི་སྐོར་བསྐྱོད་སྐབས་མི་མང་ཚོས་དཔལ་འབྱོར་གྱི་ཞལ་འདེབས་ཀྱང་ཧ་ཅང་གི་ཡག་པོ་གནང་གི་འདུག་པར་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ཚབ་ཞུས་ནས་ཚང་མར་ཐུགས་རྗེ་ཆེ་ཡང་ཞུ་བ་དང་ཆབས་གཅིག ཚོང་ལས་ཡག་པོ་ཡོང་བའི་སྨོན་འདུན་ཞུ་སྙིང་འདོད་སོང་”ཞེས་གསུངས་སོང་།

ཁོང་གིས་མུ་མཐུད་གསུང་དོན། “བོད་པའི་དགུན་ཚོང་ཁྲོམ་ར་ཁག་ནི་རྒྱ་གར་ནང་གི་གཞིས་ཆགས་བོད་རིགས་ཚོའི་ཚོ་བའི་ཡོང་ཁུངས་གཙོ་བོ་ཞིག་ཆགས་འདུག ད་ལྟ་ང་ཚོའི་བོད་པའི་དགུན་ཚོང་ཁྲོམ་ར་ཁག་ཧ་ཅང་གིས་ཚག་ཚུག་པོ་དང་ཡག་པོ་ཞེ་དྲག་འདུག མ་འོངས་པར་ཁྲོམ་སའི་འཐུས་མི་དང་མི་མང་ཚོས་ཕུགས་རྒྱང་རིང་པོའི་བསམ་བློ་བཏང་ནས་ཕྱི་ནང་གང་སར་མཐུན་པོ་དང་རྡོག་རྩ་གཅིག་སྒྲིལ་གྱིས་ཁྲོམ་ར་ཁག་ཡར་རྒྱས་དང་ཚག་ཚུད་རྒྱུན་སྐྱོང་ཡོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་མཐོང་སོང།”ཞེས་འགྲེལ་བརྗོད་གནང་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།