དབུ་ཁྲིད་ཀྱི་གཟི་བརྗིད་དང་སྤོབས་པ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༢༧ ཕྱི་ལོ་ ༢༠༡༤/༡/༢༨
ད་ལྟའི་ཆར་འཛམ་བུའི་གླིང་འདིར་རྒྱལ་ཁབ་ཕྱོགས་གང་ཐད་ནས་སྟོབས་འབྱོར་དང་དབང་ཆ་ཆེ་ཤོས་དེ་ཨ་རིའི་མཉམ་འབྲེལ་རྒྱལ་ཁབ་ཡིན་པ་དང། དེའི་སྲིད་འཛིན་ནི་རང་བཞིན་གྱིས་འཛམ་གླིང་ཧྲིལ་པོའི་ཁྱོན་འདིར་ནུས་ཤུགས་ཆེ་ཤོས་ཀྱི་དབུ་ཁྲིད་དུ་གྱུར་ཡོད། དེ་ནི་ཨ་རིའི་དམག་དོན་དང་དཔལ་འབྱོར་གྱི་ནུས་ཤུགས་ལ་བརྟེན་ནས་བྱུང་བ་ཞིག་ལས། སྲིད་འཛིན་མི་གཅིག་གི་གཟི་བརྗིད་ལ་བརྟེན་ནས་བྱུང་བ་ཞིག་མིན། ད་ལྟའི་ཆར་རྒྱ་ནག་རྒྱལ་ཁབ་དེ་ཡང་འཛམ་བུ་གླིང་འདིར་ཤུགས་རྐྱེན་ཆེ་ཤོས་གྲས་སུ་ཚུད་ཡོད་པ་དང། དེའི་སྲིད་འཛིན་ཡང་ཤུགས་རྐྱེན་ཆེན་པོ་ཡིན་པ་སྨྲོས་མི་དགོས་པ་རེད། དེ་བཞིན་འཛམ་གླིང་གི་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་པ་དང། དཔལ་འབྱོར་གྱི་ཐོག་ནས་ཀྱང་སྟོབས་འབྱོར་ཆེ་ཤོས་སུ་སླེབས་བཞིན་པའི་རྒྱ་གར་རྒྱལ་ཁབ་ཀྱི་སྲིད་བློན་དེ་ཤུགས་ཆེན་པོ་ཞིག་ཡིན་དགོས་པ་སྨྲོས་མེད་ལྟ་བུ་ཡིན་ནའང། འདས་པའི་དུས་ཡུན་གང་ཙམ་ནས་དེ་ཙམ་གྱི་མཐོང་དང་གཟི་བརྗིད་མེད་པ་ལྟ་བུར་གྱུར་ཡོད།
ད་ལྟའི་རྒྱ་གར་གྱི་སྲིད་བློན་མོ་དྷི་ལ་མཚོན་ན་འཛམ་བུའི་གླིང་འདིར་སྐད་གྲགས་ཆེ་ཤོས་ཀྱི་དབུ་ཁྲིད་ཅིག་ཏུ་གྱུར་ཡོད། དེ་ནི་ཁོང་གི་ལས་དོན་ལ་བརྟེན་ནས་བྱུང་བ་ཞིག་མ་ཡིན་པར། འོས་བསྡུའི་དྲིལ་བསྒྲགས་སྐབས་གསུང་བཤད་གནང་སྟངས་དང་འཆར་གཞི་ཁག་གིས་རྒྱ་གར་མི་མང་ཡིད་མགུ་སྟེ་རྒྱ་གར་གྱི་མི་མང་དུང་ཕྱུར་བཅུ་ལྷག་གི་ནང་ནས། མི་མང་དུང་ཕྱུར་བདུན་ལྷག་གིས་དངོས་སུ་འོས་བླུགས་ནས་ཚད་མཐོའི་གདེང་འཇོག་ལ་བརྟེན་ནས་ཁོང་གིས་མགོ་ཁྲིད་པའི་བྷི་རྗེ་བྷི་ཚོགས་པ་ལ་རྒྱལ་ཁ་ཐོབ་པ་རེད། དེར་བརྟེན་མོ་དྷི་ནི་འཛམ་གླིང་གི་ཁྲོད་འདིར་འོས་བླུག་མཁན་ཆེས་མང་ཤོས་ཀྱི་ངོས་ནས་དགའ་བསུ་དང་གདེང་འཇོག་རྒྱབ་སྐྱོར་བཅས་ཐོབ་པའི་སྲིད་བློན་ཞིག་ཡིན་པས། མང་གཙོ་ལ་དགའ་ཞེན་དང། མང་གཙོའི་གནས་སྟངས་ཤེས་རྟོགས་ཡོད་མཁན་ཞིག་གི་ངོས་ནས་རྒྱལ་ཁབ་གང་གི་དཔོན་རིགས་དང་མཇལ་འཕྲད་གནང་ཡང་མོ་དྷི་ལ་ཡིད་སྨོན་ཆེན་པོ་ཡོད་ངེས་རེད་ལ། ད་ལན་ཨོ་བྷ་མས་ཀྱང་ཁ་ནས་ཐོན་མིན་ལ་མ་ལྟོས་པར་མོ་དྷི་ནི་ཁོང་ལས་ཀྱང་གཟི་བརྗིད་ཆེ་བའི་དབུ་ཁྲིད་ཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པར་ཚོད་དཔག་བྱེད་ཐུབ།
ལོ་སྔོན་མ་མོ་དྷི་ཡི་སྐྱེས་སྐར་སྐབས་རྒྱ་ནག་གི་སྲིད་འཛིན་རྒྱ་གར་དུ་ལྟ་སྐོར་ལ་ཡོང་བ་དང། ཞི་ཅིན་ཕེན་ལ་མང་གཙོའི་སྐོར་ལ་གོ་རྟོགས་དང་དགའ་ཞེན་ཅུང་ཙམ་ཡོད་པའི་དབང་དུ་བཏང་ན། ཁོ་རང་དང་བསྡུར་ཐབས་གཏན་ནས་མེད་པར་མོ་དྷི་ནི་རྒྱ་གར་མི་མང་གི་ངོས་ནས་ཡོངས་སུ་རྒྱབ་སྐྱོར་ཡོད་པའི་དབུ་ཁྲིད་ཅིག་ཡིན་པ་དང། ཞི་ཅིན་ཕིན་ཁོ་རང་ནི་དམར་ཤོག་ཚོགས་པའི་དཔོན་རིགས་ཁག་ཅིག་གིས་ནང་ཁུལ་གྱི་དབང་ཆ་བགོ་བཤའ་རྒྱག་སྟངས་ཙམ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། དབང་ཆ་ཆེ་ཆུང་ལ་མ་ལྟོས་པར་མི་མང་དང་ཐད་ཀར་འབྲེལ་བ་གང་ཡང་མེད་པར་བརྟེན། མོ་དྷི་དང་བསྡུར་ཐབས་མེད་པར་རང་བཞིན་གྱིས་སྤོབས་པ་ཞུམ་དགོས་པ་ཞིག་ཡིན་ངེས་རེད། འོན་ཀྱང་ཞི་མང་གཙོ་ལ་དགའ་སྣང་གཏན་ནས་མེད་པའི་དབང་དུ་བཏང་ན། མོ་དྷི་ཡི་དབང་ཆ་ནི་མི་མང་པོ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང། ད་ལྟའི་ཆར་ཡང་ཐག་གཅོད་མང་ཆེ་བ་གྲོས་ཚོགས་ལ་བརྟེན་དགོས་པས། ཁོ་རང་བཞིན་དབང་ཆ་གཅིག་སྡུད་དང་བརྒྱ་ཁ་གཅིག་གཅོད་མི་ཆོག་པས་གཟི་བརྗིད་གང་ཡང་མེད་པ་ཞིག་ཏུ་མཐོང་སྲིད།
དོན་དམ་པར་གོ་ལ་ཧྲིལ་པོའི་ཁྱོན་ནས་མང་གཙོ་ཆེ་ཤོས་ཡིན་པའི་རྒྱལ་ཁབ་དེ་རྒྱ་གར་ཡིན་པ་དང། རྒྱ་གར་ནི་ཆོས་ལུགས་དང་རིག་གནས་མང་པོ་ཞིག་མཉམ་གནས་ཐུབ་པའི་རྒྱལ་ཁབ་ཅིག་ཀྱང་ཡིན། སྤྱིར་མི་སོ་སོ་དང་རྒྱལ་ཁབ། མི་རིགས་སོ་སོའི་ངོས་ནས་རིན་ཐང་གི་ལྟ་བ་མི་འདྲ་བ་མང་པོ་ཡོད་ཀྱང། མང་གཙོ་དང་འདྲ་མཉམ་ལ་དགའ་བའི་མི་ཞིག་ཡིན་ཕྱིན་ཆད་ནས་རྒྱ་ནག་གི་སྲིད་འཛིན་དང། རྒྱ་གར་གྱི་སྲིད་བློན་གཉིས་གཏན་ནས་བསྡུར་ཐབས་མེད་པར་གཟི་བརྗིད་ཆེ་ཆུང་གནམ་ས་ལྟ་བུ་ཡོད་པ་རེད། རང་དབང་དང་འདྲ་མཉམ་མེད་ཀྱང་ཟ་བཏུང་འགྲོ་འདུག་ཙམ་ཆོག་ན་འགྲིག་པའི་བསམ་ཚུལ་འཛིན་མཁན་ཞིག་ལ་མཚོན་ན། མང་གཙོ་དང་རང་དབང་ཡོད་མེད་ལ་ཁྱད་པར་དེ་ཙམ་མེད་སྲིད་པ་རེད། དེར་བརྟེན་མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ་ཡང། རྒྱ་གར་གྱི་སྲིད་བློན་དང། རྒྱ་ནག་གི་སྲིད་འཛིན་གཉིས་ཀྱི་གཟི་བརྗིད་ཆེ་ཆུང་བསྡུར་སྐབས་རང་དབང་ལ་དགའ་ཞེན་ཆེ་ཆུང་གི་ཐོག་ནས་ཚད་འཛིན་དགོས་པ་ཞིག་རེད།
ད་ལྟའི་ཆར་རྒྱ་གར་ནག་གཉིས་ལ་བོད་དང་འབྲེལ་བའི་ས་མཚམས་ཀྱི་ཐོག་ནས་རྩོད་རྙོག་ཆེན་པོ་ཡོད་པ་དང། གོ་ལ་ཧྲིལ་པོའི་ཁྱོན་དུ་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཉིས་ཡིན་པ་མ་ཟད། དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཉིས་ཀྱང་ཡིན་པས་ཕྱོགས་ཡོངས་ནས་འགྲན་རྩོད་ཀྱི་རྣམ་པ་ཤུགས་ཆེན་པོ་ཡོད། དེ་བཞིན་དེང་སྐབས་རྒྱ་ནག་དང་ཨུ་རུ་སུ་གཉིས་མཐུན་ཕྱོགས་བྱས་ནས་ཨ་རི་ལ་ཁ་གཏད་ཀྱི་རྣམ་པ་གསལ་ལ་མི་གསལ་བ་ཞིག་སྟོན་བཞིན་ཡོད་པ་དང། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་རྣམས་གཅིག་སྒྲིལ་བྱ་རྒྱུ་དང། དེའི་ཐོག་རྒྱ་གར་དེ་ཧ་ཅང་གནད་འགག་ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད་པ་རེད། དེར་བརྟེན་མ་འོངས་པར་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ནང་ནས་མདུན་ཕྱོགས་སུ་གང་སླེབས་ཐུབ་མིན་དེ་རྒྱལ་ཁབ་ཁོ་རང་གཉིས་ཙམ་དུ་མ་ཟད། རྒྱལ་སྤྱིའི་སྟེང་ནས་ཀྱང་གནད་འགག་ཧ་ཅང་ཆེན་པོ་ཞིག་ཏུ་གྱུར་ཡོད། སྤྱི་ཡོངས་ནས་རྒྱ་གར་གྱི་ནང་གི་བརྟན་ཆ་དང། རྒྱ་ནག་གི་ཕྱིའི་རྫིག་ཉམས་གཉིས་ཀྱི་གང་སྔོན་ལ་སླེབས་ཐུབ་མིན་ཁ་ཚོན་བཅད་ནས་སུ་གཅིག་གིས་བཤད་དཀའ་བར་གྱུར་ཡོད།།