ཁྲིམས་ལུགས་དབང་འཛིན་དང་རྒྱ་ནག་གི་དཀའ་ངལ་གསར་པ།

ཁྲིམས་ལུགས་རིག་པ་བ། བློ་བཟང་གྲགས་པ།

འདས་པའི་ལོ་ངོ་གཅིག་གི་རིང་། རྒྱ་ནག་ལ་བཅོས་བསྒྱུར་ཆེན་པོ་རིམ་པ་བྱུང་བའི་ནང་། གཙོ་བོར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་དབང་ཆ་བཟུང་བ་ནས་བཟུང་། རྒྱ་ནག་ལ་ཆབ་སྲིད་དང་དཔལ་འབྱོར། རིག་གནས་དང་སྤྱི་ཚོགས། ལྷག་པར་ཏུ་རྒྱ་ནག་སྲིད་གཞུང་གི་འཛིན་སྐྱོང་དང་ཏང་ཡོན་ནང་ཁུལ་གྱི་སྒྲིལ་སྲོལ་གསར་བཟོ་སོགས་ཀྱི་བཅོས་བསྒྱུར་མང་པོ་སོང་དང་འགྲོ་བཞིན་ཡོད་པ་མ་ཟད། སྒོས་སུ་རྒྱ་ནག་གི་ཁྲིམས་ལུགས་དབང་འཛིན་གྱི་ནུས་པ་ཆེས་ཆེར་གཏོང་པ་དང་རྒྱལ་ཁབ་ཁྲིམས་ལུགས་ཀྱི་སྟངས་འཛིན་འོག་ཤར་བསྐྱོད་ཐུབ་པ་སོགས་ནི། རྒྱ་ནག་ད་ཡོད་ཀྱི་བཅོས་བསྒྱུར་ཆེན་པོ་ཞིག་དང་། གསར་བརྗེ་ཆེན་པོ་ཞིག་ཀྱང་ཡིན་པ་ཕྱོགས་ཀུན་ནས་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད་མོད། ད་བར་ཁྲིམས་ལུགས་དབང་འཛིན་གོང་ཁྲིན་ཏང་གི་ཐད་ཀར་སྟངས་འཛིན་དང་། “དཔོན་པོས་གང་གསུང་ཁྲིམས་ལུགས་ཡིན་”པའི་ཁྲིམས་ལུགས་དབང་འཛིན་གྱི་སྲོལ་ལུགས་ཤིག་དང་། མི་དམངས་ཀྱིས་ཁྲིམས་ལུགས་ལ་བློ་ཡིད་བཅོལ་མི་ཕོད་པའི་ཁྲིམས་ལུགས་ཤིག་ནས། གློ་བུར་ཏུ་ཁྲིམས་ལུགས་དབང་འཛིན་ལ་བཅོས་བསྒྱུར་ཇི་ལྟར་བྱེད་ཐུབ་མིན་ཐད་ལའང་སུས་ཀྱང་ཐེ་ཚོམ་སྐྱེས་འོས་པ་ཞིག་ལུས་ཡིན་ལ། དེས་མ་ཚད། རྒྱ་ནག་གིས་ཁྲིམས་ལུགས་དབང་འཛིན་ལ་རང་དབང་གི་དབང་ཆ་ཞིག་ཀྱང་སྤྲོད་ཕོད་མིན་ཐད་ལ་གཞུང་མང་ཚང་མས་དོགས་སློང་སྐྱེས་བའི་གནད་དོན་ཞིག་རང་བཞིན་གྱིས་ཆགས་བསྡད་ཡོད་པ་རེད།

རྒྱ་ནག་གི་རྒྱུན་སྲོལ་བཞིན་འཛིན་པའི་ཁྲིམས་ལུགས་ལྟ་གྲུབ་དེ་ནས་རྒྱ་ནག་གི་སྤྱི་ཚོགས་ལ་བརྟན་ལྷིང་མེད་པ་དང་། རྒྱ་ནག་གི་དཔོན་རིགས་མང་པོས་སོ་སོའི་སྒེར་གཅོད་ཀྱི་དབང་ཆའི་འོག ཕྱོགས་ལྷུང་དུ་སོང་ནས་ལྐོགས་ཟ་རུས་སུངས་དང་། ཁེ་བབ་ཆེ་བཟས་ཀྱི་ལམ་ཁར་བསྐྱོད་ནས། རྒྱ་ནག་གི་དཔལ་འབྱོར་དང་འཛུགས་བསྐྲུན། ཐེབས་ཆ་ཆེ་བའི་འཛིན་སྐྱོང་སོགས་དཀའ་ངལ་མང་དག་ཅིག་བཟོས་ཡོད་པ་རེད། རྒྱུ་མཚན་དེའི་རྐྱེན་པས་རྒྱ་ནག་གི་ཁྲིམས་ལུགས་དབང་འཛིན་ལ་བཅོས་བསྒྱུར་ཞིག་མ་བཟོ་ཐབས་མེད་དུ་འགྱུར་པ་ལོས་ཡིན། ད་ཆ་ཞིས་ཅིན་ཕིང་གི་སྲིད་གཞུང་གིས་དེ་ལྟར་བློ་ཁོག་ཆེན་པོས་བཅོས་བསྒྱུར་བྱེད་པ་ནི་དོན་བཟང་ཞིག་ཏུ་སྣང་ལ། བཅོས་བསྒྱུར་དེའི་རྐྱེན་པས། རྒྱ་ནག་གི་ངན་ལམ་དུ་སོང་བའི་དཔོན་པོ་མང་པོ་ཞིག་ཀྱང་ཁྲིམས་ཀྱི་ཉེས་གཅོད་བྱས་ནས་མང་ཚོགས་ལ་འདོད་བློ་ཚིམས་པའི་ཚོར་བ་ཞིག་ངང་གིས་སྟེར་ཡོད་ནའང་། བཅོས་བསྒྱུར་དེ་ནི་རྒྱ་ནག་གོང་འོག་བར་གསུམ་གྱི་དཔོན་རིགས་ཚོའི་ཤ་ཁྲག་ཏུ་ཐིམས་པའི་ངན་གཤིས་ཤིག་ལ་གདོང་ལེན་བྱེད་དགོས་པ་དང་བཅོས་བསྒྱུར་བྱེད་དགོས་ཡོད་དུས། རང་བཞིན་གྱི་དཀའ་ངལ་མང་པོ་བཟོས་པ་ཞིག་རེད། སྔར་མོར་རྒྱ་ནག་གི་དཔོན་རིགས་ཚོས་སོ་སོའི་ཁེ་བབ་དང་མདུན་ལམ་གྱི་རྐྱེན་པས། ཁྲིམས་དང་བཟང་སྤྱོད་གཉིས་ཀར་འགལ་བའི་ལས་ཀ་མང་པོ་བརྩམས་སྲོལ་ཡོད་པ་དང་། དོན་དངོས་ཐོག ཁོང་ཚོའི་ལས་ཀ་དེས་ཕྱུག་བདག་དང་དབང་ཡོད་ཅན་གྱི་ཚོགས་སྡེ་མང་པོར་དགེ་ཕན་བསྐྲུན་ཐུབ་གྱིས་ཡོད་པ་རེད་ལ། མི་དམངས་ལའང་ཆེ་ཆུང་ལ་མ་ལྟོས་པའི་ཁེ་བབ་ཅུང་སྤྲད་ཐུབ་ཀྱིས་ཡོད་པ་རེད། གང་ཡིན་ཞེ་ན། ཁོང་ཚོས་བཟང་ངན་ལ་མ་ལྟོས་པར་ལས་ཀ་ཞིག་ལས་བསྡད་ཡོད་པའི་དབང་གིས་རེད།

ད་ལམ་རྒྱ་ནག་གི་དབུས་དང་ས་གནས་སོགས་རིམ་པར་ཞིབ་བཤེར་བྱེད་པའི་ཚོགས་པ་དང་དཔོན་རིགས་ཚོས་ནོར་འཁྲུལ་ཐད་འདོན་བྱེད་པའི་མཐུན་རྐྱེན་དང་རྒྱུད་ལམ་མང་པོ་བསྐྲུན་པས་ན། དཔོན་རིགས་མང་པོ་ཞིག་གིས་ལས་ཀ་བྱེད་པའང་ཉུང་དུ་སོང་ཡོད་པ་དང་། ལས་ཀའི་སྤུས་ཚད་དེའང་ཞན་དུ་སོང་ཡོད་པ་ད་དེང་རྒྱ་ནག་གཞུང་གི་མིག་མཐོང་ལག་འཛིན་ཞིག་ཏུ་འགྱུར་ཡོད་པ་རེད། དཔོན་རིགས་དང་མི་དམངས་བར་གྱི་དོགས་པ་དེའང་སྔོན་ལས་ཆེས་ཆེར་སོང་ཡོད་པས། གཉོམ་ཆུང་མི་དམངས་རྣམས་ཀྱི་བདེ་སྡུག་ཞུ་ས་དང་ཁོང་ཚོའི་བདེ་སྡུག་སེལ་མཁན་གཉིས་ཀྱི་བར་འགལ་བ་དེའང་སྔོན་ལས་ལྡབ་འགྱུར་གྱིས་ཆེས་ཆེར་སོང་ཡོད་པ་རེད། དེས་མ་ཚད། དེང་སང་གི་རྒྱ་ནག་དཔོན་རིགས་ཚོ་ནི་མི་དམངས་དང་འགྲོགས་འབྲེལ་བྱེད་པར་དོགས་པ་དང་། སོ་སོའི་འགྲོ་བསྐྱོད་དང་གོས་ལྷམ་ཡན་ལའང་དོགས་སྣང་དང་གཟབ་གཟབ་མ་བྱེད་ཐབས་མེད་ཡིན་པའི་དུས་ཚོད་ཅིག་ཤར་ཡོང་གི་ཡོད་ལ། དེ་ནི་ཧ་ལམ་རིག་གནས་གསར་བརྗེ་སྐབས་སུ་མི་དམངས་ཡོངས་ལ་ཡོད་པའི་འཇིགས་སྣང་གི་ཚོར་བ་ཞིག་དང་གཉིས་སུ་མེད་པ་རེད། སོ་སོར་ཡིད་ཆེས་མེད་པའི་སྲིད་གཞུང་ཞིག་ལ་ཞབས་འདེབས་ཞུ་པ་དང་། སོ་སོས་ཡིད་ཆེས་མེད་པའི་མི་དམངས་ཤིག་འགོ་ཁྲིད་ནས་ཁོང་ཚོའི་བདེ་སྡུག་སེལ་པ་ནི་རྒྱ་ནག་གི་དཔོན་རིགས་ཚོར་བྱུང་བའི་དཀའ་ངལ་ཐོལ་པ་ཞིག་ཏུ་འགྱུར་ཡོད། དེ་ནི་ད་ཐེངས་རྒྱ་ནག་ལ་འཕྲད་བཞིན་པའི་དཀའ་ངལ་མང་པོའི་ནང་གི་གལ་འགངས་ཆེ་ཤོས་ཤིག་ཏུ་འགྱུར་ཡོད་པ་རེད།

ཕྱོགས་གཞན་ཞིག་ནས་བལྟས་ན། ལྷག་པར་བོད་ཀྱི་འཐབ་རྩོད་ཀྱི་ངོ་བོ་ནས་བལྟས་ན། རྒྱ་ནག་གི་བཅོས་བསྒྱུར་འདི་དག་ནི་དོན་ཕན་ཡོང་ཉེ་ཆེ་བའི་བཅོས་བསྒྱུར་ཞིག་རེད་སྙམ། གང་ཡིན་ལགས་ན། བོད་དང་བོད་མི་མང་པོར་ད་བར་ལུས་སེམས་གཉིས་ཀ་དཀའ་ངལ་ནང་བརྫངས་པ་ནི་གཙོ་བོར་རྒྱ་ནག་གི་ཁྲིམས་ལུགས་དབང་འཛིན་གྱི་འཐུས་ཤོར་གཏོང་བའི་ལས་ཉེས་ཤིག་རེད་ལ། རྒྱ་ནག་གི་བོད་ཐོག་ཁྲིམས་མཐུན་གྱིས་སྟངས་འཛིན་མ་བྱེད་བའི་དབང་གི་རེད། རྒྱུ་མཚན་དེ་ལས་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སོགས་ལ་ལོངས་སུ་སྤྱད་པའི་གོ་སྐབས་བྱུང་མེད་ལ། རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་དང་དེ་དང་འབྲེལ་བའི་ཁྲིམས་ལུགས་གཞན་དག་ཚོ་དངོས་སུ་ལག་ལེན་ལ་མ་འཁྱོལ་བའི་ཉེར་ལེན་ཞིག་ཀྱང་ལོས་ཡིན། དེ་ཐེངས་རྒྱ་ནག་གི་ཁྲིམས་ལུགས་དབང་འཛིན་ལ་བཅོས་བསྒྱུར་དང་རྒྱལ་ཁབ་དང་མི་དམངས་ཁྲིམས་ཀྱི་སྟངས་འཛིན་འོག་འགྲོ་བའི་ཕུགས་བསམ་དེས་བོད་མི་ཚོར་ཁྲིམས་ཀྱི་ལམ་ཁ་ནས་མངོན་འདོད་མི་འགྲུབ་བའི་ངེས་པ་མེད་སྙམ།/