བོད་ཡུལ་བདེ་བའི་སྨོན་ལམ་ཐེངས་གཉིས་པ།

ཨ་རིར་གནས་བཞུགས་རིས་མེད་བསྟན་པའི་སྦྱིན་བདག་ཆེན་པོ་དར་ཐང་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དང་གོ་སྒྲིག་འོག་བོད་ཡུལ་བདེ་བའི་སྨོན་ལམ་ཐེངས་གཉིས་པ་དེ། ཕྱི་ལོ་༢༠༡༥ ཟླ་༢ ཚེས་༣ ཉིན་ནས་དབུ་འཛུགས་ཀྱིས་གནས་ཆེན་ཝཱ་རཱ་ཎ་སཱི་རུ་འཚོགས་བཞིན་ཡོད་པ་དང། ལོ་འདིར་གྲྭ་བཙུན་སྔགས་གསུམ་གྲངས་ཆིག་སྟོང་ལྷག་ཕེབས་ཡོད་འདུག

IMG_4341རིས་མེད་བསྟན་པ་སྤྱི་དང་སྔ་འགྱུར་བསྟན་པའི་སྦྱིན་བདག་ཆེན་པོ་དར་ཐང་མཆོག་སྤྲུལ་ཀུན་དགའ་རིན་པོ་ཆེ་མཆོག་གིས་རིང་མོ་ཞིག་ནས་སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོས་གཙོས། རིས་མེད་ཀྱི་སྨོན་ལམ་མང་པོ་ཞིག་གི་སྦྱིན་བདག་གནང་བཞིན་ཡོད་པ་དང། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་སངས་རྒྱས་ཀྱི་གོ་འཕང་འཐོབ་ཆེད། ལྷག་པར་དུ་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་ཆེད་དུ་བོད་ཡུལ་བདེ་བའི་སྨོན་ལམ་ཞེས་པ་ཞིག་ལོ་སྔོན་མ་ནས་བཟུང་གནས་མཆོག་ཝཱ་རཱ་ཎ་སཱི་རུ་འཚོགས་ཡོད་པ་དང། ལོ་འདིར་ཡང་ཕྱི་ཟླ་༢ ཚེས་༣ ནས་༦ བར་འཚོགས་བཞིན་ཡོད་པ་རེད། ཉིན་མཐའ་མ་བོད་ཟླ་༡༢ ཚེས་༡༨ དེ་ཕྱི་ཟླ་༢ ཚེས་༦ ཉིན་འཁེལ་ཡོད་སྟབས། ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་ཀྱི་འདས་མཆོད་དང་ཚོགས་འཁོར་རྒྱས་པ་བཅས་ཕུལ་ནས་བོད་ཡུལ་བདེ་བའི་སྨོན་ལམ་མཇུག་གྲོལ་རྒྱུ་ཡིན་པ་རེད།

IMG_4342ལོ་འདིར་ཚོགས་མང་ཡོངས་ལ་དར་ཐང་རིན་པོ་ཆེ་མཆོག་གིས་བརྩམས་པའི་བོད་ཡུལ་བདེ་བའི་སྨོན་ལམ་ཞེས་དཔེ་དེབ་ཅིག་རིན་མེད་འགྲེམས་སྤེལ་དང། འདུས་མང་ཡོངས་ལ་བཀའ་འགྱུར་གྱི་ལག་འཁོར་ཡང་ཆོས་སྦྱིན་དུ་སྤེལ་ཡོད་པ་རེད། དེ་བཞིན་སྨོན་ལམ་དུ་ཕེབས་པའི་གྲྭ་བཙུན་སྔགས་གསུམ་ཡོངས་ལ་ལམ་གྲོན་དང་བཞུགས་གནས་བཅས་ཀྱང་གོ་སྒྲིག་འཐུས་གཙང་ཞུས་ཡོད་འདུག་པ་བཅས། གནས་ཚུལ་འདི་ཉིད་འབྲེལ་ཡོད་ཅིག་ལ་དྲ་ལམ་བརྒྱུད་དྲི་བ་ཞུས་པ་ཡིན།།