ཕྱི་རྒྱལ་དོན་གཅོད་ཁག་གི་གལ་གནད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༣༡  ཕྱི་ལོ་ ༢༠༡༥/༢/༢༥ དྷ་རམ་ས་ལ།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་མང་པོ་ཞིག་བཙན་བྱོལ་དུ་གྱར་བའི་རྗེས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་གང་མང་ཞིག་སྤེལ་ཡོད་པ་དང། དེའི་ནང་ནས་ཕྱི་རྒྱལ་གྱི་ཡུལ་གྲུ་ཨ་རི་དང། སུད་སི། ཉི་ཧོང། དབྱིན་ཡུལ། ཨོ་སི་ཁྲུ་ལི་ཡ། ཧྥ་རན་སི། ཨུ་རུ་སུ། ཨ་ཧྥི་རི་ཀ། ཐེ་ཝན། སྦེལ་རྗམ་བཅས་སུ་དོན་གཅོད་ལས་ཁུངས་དངོས་སུ་བཙུགས་ནས་ལས་ཀ་བྱས་ཡོད་པ་དང། དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང། བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུའུ་གཉིས་སུའང་དོན་གཅོད་ལས་ཁུངས་བཙུགས་ཡོད། ལོ་འདིའི་ཕྱི་ཟླ་༤ པའི་ནང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷི་ར་རྫལ་དུ་དོན་གཅོད་ལས་ཁུངས་ཤིག་གསར་དུ་བཙུགས་ནས། ལྷོ་ཨ་མི་རི་ཀའི་གླིང་ཆེན་ཁུལ་དུ་བོད་དོན་འབྲེལ་མཐུད་དང་རྒྱབ་སྐྱོར་འཚོལ་ཐབས་བྱ་རྒྱུ་ཡིན་འདུག དོན་གཅོད་ལས་ཁུངས་ཁག་ནི་བོད་པའི་གནད་དོན་རྒྱལ་སྤྱིའི་སྟེང་ནས་ཤེས་རྟོགས་ཡོང་ཐབས་དང། བོད་དོན་ལ་རྒྱབ་སྐྱོར་འཚོལ་བའི་སྡིངས་ཆ་ཆེ་ཤོས་སུ་དམིགས་ནས་བཙུགས་པ་ཤ་སྟག་ཏུ་གྱུར་ཡོད།

ད་བར་ཕྱི་རྒྱལ་དོན་གཅོད་ཁང་ཁག་བརྒྱུད་ནས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཡན་ལག་གི་སྒྲིག་འཛུགས་ཁག་གི་ཐོག་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་འཚོལ་སྒྲུབ་དང། རྒྱལ་ཁབ་སོ་སོའི་གྲོས་ཚོགས་ནང་བོད་དོན་གླེང་སློང། གཞུང་གི་དཔོན་རིགས་ཁག་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གླེང་སློང། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡུལ་གྲུ་སོ་སོའི་ནང་གདན་ཞུས་དང་འབྲེལ་དཔོན་རིགས་ཁག་དང་མཇལ་འཕྲད་གནང་རྒྱུས་མཚོན་ལས་དོན་སྣ་མང་ཞིག་སྤེལ་ཐུབ་པ་བྱུང་ཡོད་ལ། དོན་གཅོད་ཁག་ནི་ལས་ཁུངས་གཞན་དག་ལས་གལ་གནད་ཆེ་བར་བརྩིས་ནས་དོན་གཅོད་ཀྱི་ལས་བྱེད་རྣམས་ཀྱང། གཞུང་ཞབས་ལས་བྱེད་པ་རྣམས་ཀྱི་ནང་ནས་དམིགས་བསལ་རྒྱུགས་སྤྲོད་ཀྱི་ལམ་ནས་དྲག་འདེམས་བྱེད་བཞིན་ཡོད། དོན་གཅོད་པ་ཡང་སྐད་ཡིག་དང་ཆབ་སྲིད་ཀྱི་གོ་རྟོགས་སོགས་ཤེས་འཇོན་གཉིས་ལྡན་རྒན་པ་རྒྱུས་མྱོང་ཅན་འབའ་ཞིག་འདེམས་གང་ཐུབ་བྱེད་སྲོལ་ཡོད་པ་བཞིན། དེ་དང་མཐུན་པའི་ལས་དོན་གྱི་ཐོག་ནས་ཀྱང་གྲུབ་འབྲས་ཐོན་དགོས་པའང་ཧ་ཅང་གལ་ཆེན་པོར་གྱུར་ཡོད།

འགྲོ་གྲོན་ངོས་ནས་ཀྱང་དོན་གཅོད་ཁག་གི་ལས་བྱེད་པའི་འགྲོ་སོང་ཡང་ཕྱི་རྒྱལ་གྱི་གནས་སྟངས་བསྟུན་ནས་ཟླ་ཕོགས་སོགས་སྤྲོད་དགོས་པས། དོན་གཅོད་ཁག་ནི་དབུས་ལས་ཁུངས་ཁག་དང་བསྡུར་ན་འགྲོ་སོང་ཧ་ཅང་ཆེ་བ་དང། ལས་དོན་གྱི་གལ་གནད་ཐོག་ནས་བཤད་ཀྱང་གོང་དུ་སྨྲོས་པ་བཞིན་ཧ་ཅང་གལ་ཆེ་བས་དེ་དང་འབྲེལ་བའི་འགན་ཁུར་ལས་བྱེད་པ་རྣམས་ཀྱིས་དུས་ཚོད་སྐྱེལ་ཐབས་ལྟ་བུ་ལས། ལས་དོན་གྱི་གྲུབ་འབྲས་ལ་བསམ་བློ་རྒྱ་ཆེན་པོ་མ་བཏང་བར་ལས་དོན་ལ་འཐུས་ཤོར་བཏང་ན། དེ་ནི་བོད་དོན་ལ་གནོད་ཚབས་ཧ་ཅང་ཆེ་བ་ཞིག་ཏུ་གྱུར་ཡོད། སྤྱིར་འདས་པའི་གནས་བབས་ལ་ཕྱིར་བལྟས་ཤིག་བསློགས་ན་དོན་གཅོད་ཀྱི་ལས་བྱེད་དུ་འགྲོ་མཁན་མང་པོ་ཞིག་གིས་རང་ཉིད་ཡུལ་ལུང་དེར་གཏན་སྡོད་ཆོག་པའི་ཡིག་ཆ་བཟོ་ཐབས་བྱ་རྒྱུ་དེ་ལས་ཀའི་གཙོ་བོར་བཟུང་བ་ལྟ་བུ་དང། ལས་དུས་གཙང་བའི་སྐབས་གཞུང་གིས་གནས་སྤོས་བྱས་པར་ཉན་འཇོག་མི་བྱེད་པར་ལས་བྱེད་ནས་རྩ་དགོངས་ཞུ་མཁན་ཡང་མང་པོ་ཡོང་གི་ཡོད་པ་ནི། སེམས་ཤུགས་དང་ལྷག་བསམ་གྱི་ཐོག་ནས་དྲི་རྟགས་ཆེན་པོ་ཞིག་སླེབས་པ་རེད།

ལྷོ་ཨ་མི་རི་ཀར་དོན་གཅོད་ལས་ཁུངས་ཤིག་གསར་འཛུགས་བྱེད་འཆར་ཡོད་པ་དེ་གལ་ཆེན་པོ་ཡིན་པ་དང། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ཏུ་རྒྱ་གཞུང་གི་ཤུགས་རྐྱེན་ཆེན་པོ་ཡོད་པའང་མི་ཉུང་བ་ཞིག་ཡོད་པས། བོད་ཀྱི་ལོ་རྒྱུས་དང་གནས་སྟངས་རྫུན་བཟོ་དང་འཁྱོག་བཤད་ཀྱི་དྲིལ་བསྒྲགས་སྣ་ཚོགས་བྱེད་བཞིན་ཡོད། བོད་པའི་ངོས་ནས་དངོས་ཡོད་ཀྱི་གནས་ཚུལ་ཁྱབ་བསྒྲགས་གང་ཐུབ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ་དང། འཛམ་གླིང་མི་མང་ཡོངས་ཀྱིས་བོད་ཀྱི་གནད་དོན་ཤེས་རྟོགས་ཐུབ་པའི་ནུས་པ་མེད་ནའང། དོ་སྣང་ཅན་རྣམས་ཀྱི་ངོས་ནས་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་པ་ཞིག་བཟོ་རྒྱུ་དེ་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་བཙན་བྱོལ་བོད་མི་རྣམས་ཀྱི་འགན་ཁུར་དུ་གྱུར་ཡོད། དེར་བརྟེན་ད་ལན་ལྷོ་ཨ་མི་རི་ཀའི་གླིང་ཆེན་གྱི་ནང་དུ་དོན་གཅོད་ཁང་གསར་པ་ཞིག་འཛུགས་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་པའི་རེ་བ་རྒྱག་ཆོག་ཀྱང། ལྷོ་ཨ་ཧྥི་རི་ཀ་ལྟ་བུ་རྒྱ་གཞུང་གི་ཤུགས་རྐྱེན་ཧ་ཅང་ཆེ་བ་དག་ཏུ་དོན་གཅོད་ཀྱི་ལས་དོན་ལ་གྲུབ་འབྲས་ཐོན་རྒྱུ་ཧ་ཅང་ཁག་པོར་གྱུར་ཡོད།

མདོར་ན་དོན་གཅོད་ཁང་ཁག་གི་སྐུ་ཚབ་བསྐོ་གཏོང་གནང་སྐབས་ཉམས་མྱོང་དང་ཤེས་ཡོན་ཡོད་པ་གལ་ཆེན་པོར་བརྩི་དགོས་པ་དང། དེའི་ཐོག་ལ་བོད་མི་ཞིག་བསྐོ་གཏོང་བྱེད་དགོས་པའང་ཧ་ཅང་གལ་ཆེན་པོར་གྱུར་ཡོད། སྐུ་ཚབ་དོན་གཅོད་ཁག་ནི་ཡུལ་གྲུ་དེ་དག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་ངོ་ཚབ་མཚོན་མཁན་དེ་ཡིན་པ་མ་ཟད། རྒྱ་ཆེ་ས་ནས་བཤད་ན་༧གོང་ས་མཆོག་གིས་དབུས་བོད་མི་ཡོངས་ཀྱི་ངོ་ཚབ་མཚོན་དགོས་པའི་མི་སྣ་གལ་ཆེན་ཞིག་ཡིན་པས། དེ་དང་འབྲེལ་བ་ཡོད་པའི་ལས་བྱེད་ནི་བརྒྱ་བདམས་སྟོང་སྒྲུག་བྱེད་དགོས་པ་དང། དེ་ལྟར་བསྐོས་པའི་མི་དང་བཙུགས་པའི་ཤིང་ཞེས་པ་ལྟ་བུའི་མི་སྣ་དེ་དག་གི་ཀུན་སྤྱོད་དང་ལྷག་བསམ་ནི་དེ་བས་ཀྱང་གལ་ཧ་ཅང་ཆེན་པོར་གྱུར་ཡོད། རང་ཉིད་ཀྱི་ལྟོ་གོས་གཙོ་བོར་བཟུང་ནས་སྤྱི་དོན་ལ་སྣང་ཆུང་གཏོང་མཁན་གྱི་མི་སྣ་དག་གཏན་ནས་སླེབས་མི་རུང་བ་ཞིག་ཡིན་ཡང། སྟག་གི་རི་མོ་ཕྱི་དང་མིའི་རི་མོ་ནང་ཞེས་པ་བཞིན་སྐབས་རེ་ཤེས་རྟོགས་མི་ཐུབ་པའི་གནས་ཚུལ་ཡོང་སྲིད་ཀྱང་འབྲེལ་ཡོད་ཚོས་དོ་དམ་ནན་པོ་བྱེད་དགོས་པ་ཧ་ཅང་གལ་ཆེ་སྙམ།།