སྦེལ་རྗམ་དུ་གསུམ་དུས་ཉིན་རྒྱ་ནག་ལ་ངོ་རྒོལ།
ཟླ་འདིའི་ཚེས་༡༠ ཉིན་སྦེལ་ལྗམ་བོད་རིགས་ཚོགས་པ་དང་ས་གནས་ཆུ་བཞི་སྒང་དྲུག ས་གནས་གཞོན་ནུ་བཅས་ཀྱི་གོ་སྒྲིག་འོག་གསུམ་བཅུ་དུས་དྲན་ཐེངས་ ༥༦ པ་སྲུང་བརྩི་ཞུས་ཡོད་པ་རེད།
དེ་ཡང་སྔ་དྲོ་ས་གནས་ཀྱི་ཆུ་ཚོད་ ༡༠ པའི་ཐོག་མི་མང་རྣམས་སྦེལ་ལྗམ་(Belguim)གྱི་རྒྱལ་སར་ཡོད་པའི་ཡོ་རོབ་སྤྱི་མཐུན་གྲོས་ཚོགས་ཉེ་འགྲམ་དུ་འདུ་འཛོམས་བྱུང་རྗེས། བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་དང་གསུམ་བཅུའི་དྲན་གླུ་བཅས་བླངས་ནས་དུས་དྲན་མཛད་སྒོ་དངོས་སུ་འགོ་ཞུས་སོང་།
མཛད་སྒོའི་ཐོག་ས་གནས་སྐུ་ཚབ་དོན་གཅོད་ནས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་བ་དང་། རིམ་བཞིན་བོད་མི་མང་སྤྱི་འཐུས་ཀྱི་གསུང་འཕྲིན་བཅས་སྒྲོགས་སྦྱང་གྲུབ་རྗེས་ལས་འགུལ་གོ་སྒྲིགས་པས་གོམ་བགྲོད་བྱེད་ཕྱོགས་ཀྱི་ལམ་སྟོན་གནང་བ་དང་། རིམ་བཞིན་མི་མང་རྣམས་རི་བསྒྲིགས་ནས་རྒྱ་ནག་གཞུང་ཚབ་ཁང་གི་ཕྱོགས་སུ་སྐད་འབོད་གོམ་བགྲོད་བྱས་ཡོད་པ་རེད།
གསུམ་བཅུའི་དུས་དྲན་སྲུང་བརྩི་འདིའི་ཐོག་མི་མང་༣༠༠ ཙམ་འབྱོར་འདུག་པ་དང་། བུད་མེད་ལ་ལས་བྱིས་པ་མ་འབྱར་ཡང་ཁུར་ནས་འབྱོར་འདུག གོམ་བགྲོད་དུས་ཡིན་ཆུ་ཚོད་གཉིས་མ་ཟིན་ཙམ་ཕྱིན་རྗེས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ཕྱོགས་ཀྱི་ཧ་ཅང་ཐག་ཉེ་ས་ཞིག་ནས་ཆུ་ཚོད་ཕྱེད་ལྷག་ཅིག་ལ་སྐད་འབོད་བྱས་ཡོད་པ་རེད།
ས་གནས་ཉེན་རྟོག་པས་ལས་འགུལ་བ་དག་གི་བདེ་འཇགས་ལ་ལྟ་རྟོགས་བྱས་ཡོད་པ་དང་། མི་མང་རྣམས་ཀྱི་ཀྱང་ས་གནས་ཀྱི་ཁྲིམས་ལུགས་དང་མཐུན་པའི་གོམ་བགྲོད་བྱས་སོང་། སྐད་འབོད་སྐབས་ཀྱི་མི་མང་གི་འབོད་ཚིག་ནི་བོད་རང་བཙན་ཡིན། རྒྱ་དམར་གུང་ཁྲན་ཕྱིར་རྒྱུགས་ཤིག བོད་ཀྱི་བདག་པོ་བོད་མི་ཡིན། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ང་ཚོར་རང་དབང་དགོས། བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད། འདི་ན་མི་གསོད་ལག་དམར་བ་འདུག ཟེར་བ་སོགས་མི་མང་གི་འདོད་པ་ལྟར་བསྒྲགས་ཡོད་པ་རེད། རྒྱ་ནག་གཞུང་ཚང་མདུན་ཕྱོགས་སུ་ཕུབ་དང་རྒྱུགས་པ་ཐོག་པའི་སྒྲིག་ཆས་ཅན་གྱི་ཉེན་རྟོག་པས་རིམ་པ་བཞི་བྱས་ནས་བསྲུང་འདུག་པ་དང གཞུང་ཚབ་ཁང་གི་ཉེ་འཁྲིས་རང་ནས་རྒྱ་མི་ལ་ལས་འདྲ་པར་ཡང་ལེན་བཞིན་འདུག། གོམ་བགྲོད་དེའི་མགོ་ནས་མཇུག་བར་དུ་གནས་ཡུལ་ལུང་པའི་གསར་འགོད་པ་དང་། རྒྱ་ནག་ཤིན་ཧཱ་གསར་འགོད་པ་སོགས་ཀྱང་སླེབས་འདུག །
ས་གནས་གསར་འགོད་པ་ནགས་ཕྲན་པ་བསོད་ནམས་ཚེ་རིང་།