ཁམས་འབྲི་རུ་མི་མང་ལ་དབྱར་སྐྱིད་གཏོང་དགོས་པའི་བཙན་བཀའ།

ཟླ་འདིའི་ཚེས་༢༩ ཉིན་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། ཉེ་ཆར་རྒྱ་གཞུང་གིས་འབྲི་རུ་རྫོང་། རྩ་ལ་ཡུལ་ཚོའི་བོད་མི་ཚོར་བཙན་བཀའ་བཏང་སྟེ། མི་མང་དབྱར་སྐྱིད་ནང་མཉམ་ཞུགས་མ་བྱས་ཚེ། བཙོན་འཇུག་བཀག་ཉར་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་བའི་གནས་ཚུལ་འདུག

5555
ཁམས་འབྲི་རུ་རྫོང་།

དེ་ཡང་ཉེ་ཆར་རྒྱ་ནག་གཞུང་གིས་ཁམས་འབྲི་རུ་རྫོང་རྩ་ལ་ཡུལ་ཚོའི་ཐོག ལས་བྱེད་མངགས་གཏོང་གིས་འདི་ལོའི་དབྱར་སྐྱིད་སྐབས། ས་གནས་གཞན་དུ་ཡོད་པའི་འབྲི་རུ་རྫོང་གི་མི་མང་ཚང་མ་ས་གནས་རང་དུ་འཛོམས་ཏེ། གླུ་གཞས་འཁྲབ་སྟོན་སོགས་དགོས་སྐོར་གྱི་བཙན་བཀའ་བཏང་ཡོད་པ་མ་ཟད། གལ་སྲིད། དབྱར་སྐྱིད་ནང་མཉམ་ཞུགས་མི་བྱེད་མཁན་བྱུང་ན། ལོ་རྗེས་མར་ས་གནས་སུ་དབྱར་རྩྭ་དགུན་འབུ་བརྐོ་རྒྱུར་བཀག་འགོག་དང་། རྩ་ལ་ཡུལ་ཚོའི་དམག་སྒར་དུ་བཙོན་འཇུག་བཀག་ཉར་གྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཞེས་པ་སྤེལ་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག

སྤྱིར་བཏང་༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྟེ། རྒྱ་ནག་གཞུང་གིས་བོད་མི་མང་པོ་དམར་གསོད་དང་འཛིན་བཟུང་བྱས་རྗེས། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གྱི་ཁམས་འབྲི་རུ་རྫོང་གི་བོད་མི་ཚོས། ལོ་རེར་འཆར་ཅན་གྱི་རོལ་གྱིན་པའི་ལོ་སར་དང་དབྱར་ཁའི་དབྱར་སྐྱིད་གཙོས་མི་མང་གིས་སྤྲོ་སྐྱིད་རིགས་མང་པོ་ཞིག་གཏོང་གི་པས། ཉེ་ཆར་རྒྱ་གཞུང་གིས་འབྲི་རུ་མི་མང་ལ་བཙན་བཀའ་བཏང་རྗེས། ས་གནས་གཞན་དུ་ཡོད་པའི་འབྲི་རུ་རྫོང་གི་བོད་མི་ཚོ་འདོད་མོས་ཡོད་མེད་ལ་མ་ལྟོས་པར་ཕྱིར་རང་ཡུལ་དུ་ལོག་དགོས་བྱུང་ཡོད་འདུག རྒྱ་གཞུང་གིས་ད་ཆར་ཡང་ས་གནས་སུ་དམག་མི་འགྲེམས་འཇོག་གིས་དམ་དྲག་དང་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་འདུག

ཕྱི་ལོ་ ༢༠༡༣ ལོར་རྒྱ་གཞུང་གིས་འཛམ་གླིང་མི་མང་ལ་བོད་ནང་གི་བོད་མི་ཚོས་ཞི་བདེ་ལྷིང་འཇགས་ཀྱི་འཚོ་བ་རོལ་བཞིན་པའི་རྣམ་པ་སྟོན་ཆེད་འབྲི་རུ་ས་གནས་སུ་བཙན་དབང་གིས་ལས་འགུལ་མང་དག་ཅིག་སྤེལ་བཅུག་ཡོད་ཀྱང་། ས་གནས་བོད་མི་ཚོས་གཏེར་ཁ་སྔོག་འདོན་དང་བཙན་དབང་གིས་རྒྱ་དར་བསྒྲེངས་འཛུགས་བྱས་བཅུག་པའི་སྲིད་ཇུས་རིམ་པར་ངོ་རྒོལ་བྱས་སྟབས། སྐབས་དེར་དམག་མི་སྟོང་ཕྲག་མང་པོ་འགྲེམས་འཇོག་གིས་བོད་མི་དམར་གསོད་དང་། འཛིན་བཟུང་ཁྲིམས་ཆད་སོགས་བྱས་ཏེ། བོད་མི་མང་པོ་ཞིག་ད་ཆར་རྒྱ་གཞུང་གི་བཙོན་ཁང་དུ་ལྷག་ཡོད་འདུག

གསར་འགོད་པ་ཆོས་ཉིད་འོད་ཟེར།