དགེ་ལྡན་བཅའ་ཡིག་ཆེན་མོ་ལག་ལེན་སྐོར་གྱི་བགྲོ་གླེང་ཚོགས་འདུ།
ཟླ་འདིའི་ཚེས་༡༢ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་སྒར་དུ་རྟེན་གཞི་བྱས་པའི་དགའ་ལྡན་བླ་སྤྱིའི་འདུ་ཁང་ཡང་ཐོག་ཚོགས་ཁང་ནང་། རྒྱལ་སྤྱིའི་དགེ་ལྡན་བསྟན་བདག་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་སྐབས་བརྒྱད་པ་དང་། དགེ་ལྡན་ཆོས་ཁྲིམས་འཛིན་སྐྱོང་ལྷན་ཚོགས་བཅས་ཀྱི་ཐུན་མོང་གི་གོ་སྒྲིག་འོག་ཚོགས་འདུ་ཉིན་གཉིས་རིང་འཚོགས་ཡོད་པ་རེད།
ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་དགའ་ལྡན་ཁྲི་རིན་པོ་ཆེ་དང་། ཤར་རྩེ་ཆོས་རྗེ་རིན་པོ་ཆེ་རྣམ་གཉིས་གཙོས་གདན་ས་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་རྣམས་དང་། ཕྱག་མཛོད་རྣམས་པ་བཅས་ཕེབས་ཡོད་པ་རེད། དེ་ཡང་ཐོག་མར་སྐུ་མགྲོན་དང་ཚོགས་བཅར་བ་ཡོངས་ཚང་འཛོམས་ཐོག་དགའ་ལྡན་ཁྲི་རིན་པོ་ཆེས་སྣང་གསལ་མར་མེ་ཞལ་འབྱེད་དང་རྟེན་འབྲེལ་འབྲས་སིལ་འདེགས་འབུལ་སོགས་ཀྱི་ལས་རིམ་གྲུབ་པ་དང་ཆབ་ཅིག རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་བླ་མ་ཆོས་འཕེལ་བཟོད་པས་སྐུ་མགྲོན་ཡོངས་ལ་ཕེབས་བསུའི་འཚམས་འདྲི་དང་འབྲེལ་ཚོགས་འདུ་ངོ་སྤྲོད་གནང་ཡོད་པ་རེེད།
སྐུ་མགྲོན་གཙོ་བོ་སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་དང་ཤར་རྩེ་ཆོས་རྗེ་རྣམ་གཉིས་ཀྱིས་རིམ་པས་ཚོགས་འདུ་དང་འབྲེལ་བའི་གསུང་བཤད་གནང་བ་དང། གྲོས་གཞི་ཁག་ཅིག་གི་ཐོག་ཉིན་གཉིས་རིང་བགྲོ་གླེང་གོ་བསྡུར་གནང་ཡོད་པ་རེད། དེ་ཡང་བརྗོད་གཞི་གཙོ་བོ་དགེ་ལྡན་བཅའ་ཡིག་ཆེན་མོ་ལག་ལེན་མཛད་གལ་དང་། བཅའ་ཡིག་གི་ལེའུ་བཞི་པའི་དོན་ཚན་ཉེར་གཅིག་པའི་ནང་གསལ་དགེ་ལྡན་སྤྱིའི་བླ་སྤྲུལ་ལྷན་ཚོགས་གསར་འཛུགས་གནང་ཐོག་བསྒྱུར་བཅོས་གང་དགོས་སྐོར།
༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུ་ཐམ་པར་ཕེབས་པའི་དགའ་སྟོན་སྐབས་སྐུ་ཚེ་ཞབས་པད་བརྟན་ཆེད་དུ་བརྟན་བཞུགས་གྲ་སྒྲིག་ཞུ་ཕྱོགས་སྐོར། དེ་བཞིན་༧གོང་མཆོག་ལ་བཀའ་དྲིན་རྗེས་དྲན་ལོ་གཅིག་རིང་དོན་ལྡན་ཟབ་རྒྱས་ཞུ་ཕྱོགས་སྐོར།གཞན་ཡང་དགེ་ལྡན་པའི་གདན་ས་གྲྭ་ཚང་ཁག་གི་སློབ་གཉེར་ཡར་རྒྱས་ཡོང་ཐབས། དགེ་ལྡན་ལུགས་བཟང་འཛིན་སྐྱོང་སྤེལ་གསུམ་སོགས་ཡར་རྒྱས་ཡོང་ཐབས།དགའ་ལྡན་ཁྲི་ཐོག་ཁང་གསར་བཞེངས་དང་འབྲེལ་དཔལ་འབྱོར་ཐབས་ལམ་ཇི་དགོས་སྐོར། ལྷག་པར་དུ་༧གོང་ས་མཆོག་གི་བཀའ་དགོངས་རྣམས་ལག་ལེན་ཡོང་ཐབས་དང་།རིས་མེད་ཆོས་ལུགས་ཁག་ལ་མཐུན་ལམ་ཡོང་ཐབས།བོད་དོན་བདེན་མཐའ་གསལ་ཐབས་སོགས་ཀྱི་སྐོར་ལ་ཉིན་གཉིས་རིང་བགྲོ་གླེང་གནང་རྗེས་གྲོས་ཆོད་ཁག་གཅིག་ཀྱང་བཞག་ཡོད་པ་རེད།།
ལྷོ་ཕྱོགས་གསར་འགོད་པས།