ཀེའུ་ཚང་སྤྲུལ་སྐུས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་སོང་།

ཟླ་འདིའི་ཚེས་༨ ཉིན་གྱི་སྔ་དྲོ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སེར་བྱེས་ཀེའུ་ཚང་སྤྲུལ་སྐུས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་ཡོད་པ་དང་། སྐབས་དེར་བརྟན་བཞུགས་ཆོ་ག་ཟབ་གཏེར་འཆི་མེད་འཕགས་པའི་སྙིང་ཐིག་སྒོ་ནས་རྣམ་གྲྭ་མཁན་པོ་དབུ་བཞུགས་ཐོག ཀེའུ་ཚང་སྤྲུལ་སྐུས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་རེད།

2014-10-07-Taiwan-teaching-N01
tibet.net

དེ་ཡང་༸གོང་ས་མཆོག་ལ་ཐེ་ཝན་དད་ལྡན་པ་ཁག་གཅིག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཟླ་༡༠ ཚེས་༦ ནས་༩ བར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་ཆོས་འབྲེལ་གནང་གི་ཡོད་པས། ཆོས་འབྲེལ་ཉིན་གཉིས་པའི་ཐོག་༧གོང་ས་མཆོག་གིས་བརྟན་བཞུགས་དེའི་སྐོར་ལ་བཀའ་སློབ་གནང་དོན། “ཀེའུ་ཚང་རིན་པོ་ཆེས་བརྟན་བཞུགས་བསྡུས་པ་ཞིག་ཕུལ་གྱི་ཡོད་པས། སང་ཉིན་ཆུ་ཚོད་༧ པའི་ཐོག་འཚོག་གི་ཡིན། ཀེའུ་ཚང་རིན་པོ་ཆེ་སྐུ་གོང་མ་ང་ཟི་ལང་ནས་ཡང་སྲིད་རྩད་གཅོད་བྱེད་མཁན་དེ་ཆགས་ཡོད་པ་རེད།”ཅེས་དང་། “བརྟན་བཞུགས་ཆོ་ག་གསུངས་པའི་སྐབས་ཁྱེད་རང་ཚོས་སྒྲོལ་མའི་གཟུང་སྔགས་བགྲང་ན་འགྲིག་གི་རེད། སྨོན་ལམ་རྒྱོབ་”ཅེས་གསུངས་ཡོད་པ་རེད།

ཟླ་འདིའི་ཚེས་༨ ཉིན་གྱི་གསུང་ཆོས་སྐབས་བརྟན་བཞུགས་ཕུལ་བ་དང་། ཀེའུ་ཚང་སྤུལ་སྐུས་དེའི་སྐོར་གསར་འགོད་པར་འགྲེལ་བརྗོད་གནང་དོན། “ངའི་ཐོག་མའི་དམིགས་ཡུལ་༧སྐྱབས་མགོན་རིན་པོ་ཆེའི་ཕོ་བྲང་ནང་གཟིམ་ཆུང་བརྟན་བཞུགས་བསྡུས་བསྡུས་ཤིག་ཕུལ་རྩིས་ཡོད་ཀྱང་། དེ་རིང་མ་བསྒྲིགས་ལྷུན་གྲུབ་ཀྱིས་༧སྐྱོབས་མགོན་རིན་པོ་ཆེས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུས་དབུ་མ་རྩ་བ་ཤེས་རབ་ཀྱི་གསུང་ཆོས་གནང་བ་དང་སྐུའི་ལྷག་དཀར་ཉིན་ལ་ཁེལ་བས། དཔེ་ཡག་པོ་བྱུང་སོང་”ཞེས་དང་། “ང་རང་གི་ལོ་རྒྱུས་ཐོག་ནས་ཀེའུ་ཚང་གོང་མ་༧རྒྱལ་བ་རིན་པོ་ཆེའི་མཚན་ཞབས་རེད། ཡང་སྲིད་རྩད་གཅོད་གནང་མཁན་ར་སྒྲེང་རིན་པོ་ཆེའི་ཕྱག་རོགས་གཙོ་བོ་ཞིག་རེད། ༧རྒྱལ་དབང་སྐུ་ཕྲེང་༡༣ པའི་མཚན་ཞབས་དང་། སྐུ་ཕྲེང་༡༤ པ་རྩད་གཅོད་གནང་མཁན་གྱི་འབྲེལ་ཡོད་ཅིག་ཡིན་པས། བརྟན་བཞུགས་ཕུལ་བ་ཡིན་ལ། ༧རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུ་དང་། ཚང་མས་༧རྒྱལ་བ་རིན་པོ་ཆེའི་བཀའ་དང་མ་འགལ་བ་གནང་རོགས་”ཞེས་འགྲེལ་བརྗོད་བརྗོད་གནང་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:

Leave a Reply