དཀོན་མཆོག་གིས་རང་ལུས་མེར་སྲེག་གི་རྒྱ་གཞུང་ལ་ངོ་རྒོལ།
ཕྱི་ཟླ་༩ ཚེས་༡༦ ཉིན་མགོ་ལོག་དགའ་བདེ་རྫོང་། གཙང་སྐོལ་བཤོལ་མ་གྲོང་བརྡལ་གྱི་ཉེན་རྟོག་ལས་ཁུངས་ཀྱི་ཉེ་འཁྲིས་སུ། རང་ལོ་༤༢ ཙམ་ཡིན་པའི་བོད་མི་དཀོན་མཆོག་གིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་གནས་ཚུལ་གསར་དུ་ཤེས་རྟོགས་བྱུང་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་གཅེས་པ་དཀོན་མཆོག་ད་ལྟ་ གསང་བའི་སྒོ་ནས་ཟི་ལིང་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་ཛ་དྲག་ངང་ནས་མྱུར་སྐྱོབ་ཀྱི་སྨན་བཅོས་བྱེད་བཞིན་ཡོད་པ་དང་། ཁོང་གིས་རང་ཉིད་བོད་མི་རིགས་ཀྱི་ཆེད་ཚེ་སྲོག་བློས་གཏོང་གི་ཆོད་སེམས་ལེགས་འགྲུབ་བྱུང་མ་སོང་། ཞེས་མིག་ཆུ་ཡང་ཡང་གཏོང་བཞིན་སེམས་པ་སྐྱོ་པོའི་ངང་བསྡད་ཡོད་འདུག
ད་ལྟ་ཁོང་སྨན་བཅོས་བྱེད་བཞིན་ཡོད་ཀྱང་གསོན་པའི་རེ་བ་ཆེན་པོ་མེད་པ་དང་། ཁོང་གི་ནང་མི་རྣམས་ཀྱིས་གལ་ཏེ་དཀོན་མཆོག་གསོན་པོར་གནས་ན། རྒྱ་ནག་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱེད་པར་བློ་འཚབ་བྱེད་བཞིན་ཡོད་པ་མ་ཟད། གལ་སྲིད་འདས་གྲོངས་སུ་གྱུར་ན་ཁོང་གི་སྐུ་ཕུང་རྒྱ་གཞུང་གི་ཉེན་རྟོག་པས་བཙན་ཁྱེར་བྱེད་རྒྱུར་ཡང་བློ་འཚབ་བྱེད་བཞིན་ཡོད་འདུག
དཀོན་མཆོག་གི་བུ་གྲྭ་པ་དང་། བུ་མོ་བཙུན་མ་ཡིན་འདུག
ཕྱི་ལོ་༢༠༠༩ ལོ་ནས་བཟུང་ད་བར་བོད་ནང་ནས་བོད་མི་༡༣༢ ཀྱིས་བོད་བསྟན་སྲིད་དང་བོད་མི་རིགས་ཆེད་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ཞི་རྒོལ་བྱས་ཡོད་པ་དང། དེའི་ནང་ནས་མང་ཆེ་བ་གྲོངས་ཟིན་པ་དང་། ཁག་ཅིག་གི་གནས་སྟངས་རྒྱ་ནག་གི་དྲག་གནོན་འོག་ནས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། །