ཁམས་ལི་ཐང་མགོ་ལོག་ཏུ་སྨོན་ལམ་དང་ཞི་བའི་ངོ་རྒོལ་གྱི་རྣམ་འགྱུར།
ལོ་ལྟར་སྲུང་བརྩི་ཞུ་བཞིན་པའི་ཐོག་འདི་ལོའི་ཕྱི་ཟླ་༡༠ ཚེས་༡༢ ཉིན། ཁམས་དཀར་མཛེས་ཁུལ། ལི་ཐང་མགོ་ལོག་གི་ཡུལ་མི་ཚོས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་ཞུས་ཡོད་པ་དང་དེར་མི་མང་ཕོན་ཆེན་འདུ་འཛོམས་བྱུང་ཡོད་པ་རེད།
དྷ་སར་གནས་སྡོད་སེར་སྨད་བློ་དགས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐུ་པར་གཉིས་མཉམ་དུ་བསྒྲིགས་ནས། མང་ཚོགས་ཀྱིས་དེ་ལ་ཕྱག་དང་མཆོད་འབུལ་ཟབ་རྒྱས་ཞུས་ཡོད་པ་དང་། རྣམ་འགྱུར་དེའི་ཞི་བའི་ངོ་རྒོལ་་ནི་རྒྱ་ནག་གཞུང་གི་གུང་ཁྲན་གྱི་གནད་ཡོད་མི་སྣར་སེམས་ཚོར་ཆེན་པོ་བྱུང་ཡོད་པ་རེད།
མི་མང་གིས་རིན་པོ་ཆེ་མཆོག་གི་གསེར་ཞལ་མྱུར་དུ་མཇལ་བའི་སྨོན་ལམ་འདེབས་པ་དང་ཆབས་ཅིག ཞབས་བརྟན་འུར་འདོན་བྱས། ཁོང་གི་མཛད་རྗེས་རྣམས་ཡོངས་སུ་དྲན་བཞིན་མིག་ཆུ་གཏོང་བ་དང་རིན་པོ་ཆེར་མ་ཉེས་ཁག་གཡོག་བྱེད་མཁན་དང་ཁོང་འཛིན་བཟུང་བྱེད་པའི་ལས་དོན་གྱི་སྣེ་ཁྲིད་པ་ཀྲུའུ་ཡོང་ཁང་གིས་གཙོས། ཁོ་པའི་རྗེས་འབྲངས་པ་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ལས་དོན་པ་རྣམས་ལ་ཁ་སྨད་བྱས་པ་དང་། གནས་ཚུལ་དེ་ས་གནས་ཀྱི་རྒྱ་ནག་གུང་ཁྲན་གྱི་འགན་ཡོད་ལས་བྱེད་པས་གསལ་པོ་ཤེས་ཡོད་པ་རེད། དེའི་རྐྱེན་པས་ས་གནས་བོད་མི་ཚོར་ཡང་དོགས་ཟོན་ཇེ་ཆེར་གྱུར་ཡོད་པའི་གནས་ཚུལ་འདུག
རིན་པོ་ཆེ་རྒྱ་གཞུང་གིས་འཇུ་བཟུང་བྱས་པ་ནས་ད་བར་ཁོང་ལ་ཁ་ཞེ་གཉིས་ཀྱིས་རྒྱབ་སྐྱོར་དང་སེམས་ཐག་ གཙང་བཅད་ཀྱིས་མདུན་མཆོང་ཆེན་པོས་ལས་འགུལ་སྤེལ་བ་ནི། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཁག་མང་པོའི་མི་སྣ་ཡོད་པ་སྨོས་མེད་ལྟར། དཀར་མཛེས་ཁུལ་གྱི་ཉག་ཆུ་རྫོང་ཁོངས་མགོ་ལོག་གི་ཡུལ་མི་རྣམས་ནས་ཀྱང་སྔ་བར་ཕྱི་གསུམ་དུ་མཉམ་ཞུགས་ཚད་མེད་བྱས་འདུག
ཕྱི་ལོ་ ༢༠༠༩ སྤྱི་ཟླ་ ༡༢ པའི་ཚེས་ ༠༥ ཡི་ཕྱི་དྲོར་མགོ་ལོག་གི་ས་གནས་ཉི་ཤཱིས་ལུང་པའི་ཁར་བོད་མི་བདུན་བཅུ་སྐོར་གྱིས་ལམ་ཆེན་ཐོག་ཉལ་ནས་རིན་པོ་ཆེ་གློད་གྲོལ་གྱི་ཞི་བའི་རེ་འབོད་བྱས་པ་དང་། མུ་མཐུད་ཚེས་༩ བར་དུ་སྔ་རྗེས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་ཤུགས་ཆེར་བྱས་ཡོད་པ་རེད།
ལས་འགུལ་དེའི་ནང་ལྷག་པར་དགེ་བཤེས་ལུང་པ་ཞེས་པའི་ས་གནས་སུ་ངོ་རྒོལ་བྱེད་མཁན་བོད་མི་དགུ་བཅུ་ལྷག་ལ་རྒྱ་དམག་གིས་མི་སྤྱོད་ལས་འདས་པའི་རྡུང་རྡེག་གནར་གཅོད་ཚད་ལས་བརྒལ་བ་བཏང་། ཉག་ཆུང་རྫོང་གི་མཐིལ་དུ་ཞི་བའི་རེ་འབོད་ཆེད་སོང་བའི་བོད་མི་རྣམས་ཀྱང་དམག་མི་དང་ཉེན་རྟོག་པས་དྲག་རྡུང་གིས་རྐང་ལག་བཅག་པ་དང་ལམ་ཆེན་སྟེང་ཁྲག་གི་འཁྱག་པ་རྒྱབ་དགོས་པ་ཞིག་བཟོས་ཡོད། སྐབས་དེའི་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་དེ་ལི་ཐང་ཨོ་ཐོག་སོགས་ས་ཁུལ་ཁག་མང་པོར་བྱུང་ཡོད་ལ། ལས་འགུལ་དེ་དག་གི་ནང་མཉམ་ཞུགས་བྱེད་མཁན་སྔ་ཕྱིར་ཞི་རྒོལ་བ་སྟོང་ཕྲག་ལྔ་ནས་དྲུག་གི་བར་བྱུང་ཡོད་པ་རེད། ཞི་རྒོལ་བ་ཚོས་ཟས་མི་རག་པའི་ཐོག དྲག་དམག་གོས་ནག་ཅན་ཕོན་ཆེན་འབྱོར་ནས། ས་ཁུལ་གང་སར་རྒྱང་སྒྲགས་ཐོག་ནས་སྡིགས་ར་ཚད་མེད་བསྐུལ་ཡོད་པ་དང་། སྐབས་དེའི་ཞི་རྒོལ་བའི་ཆོད་སེམས་ནི། རྒྱ་གཞུང་ནས་རིན་པོ་ཆེར་དྲང་བདེན་གྱི་ཞིབ་འཇུག་ཅིག་མ་ཡོང་བར་ཕྱིར་ལོག་བྱེད་ཀྱི་མིན་ཞེས་སེམས་ཐག་བཅད་ཡོད།
གཞི་རྒྱ་ཆེ་བའི་ལས་འགུལ་དེའི་ནང་གོང་འཁོད་ལྟར་ལི་ཐང་མགོ་ལོག་གི་ཡུལ་མི་ཧ་ཅང་ཕོན་ཆེ་མཉམ་ཞུགས་བྱས་ཡོད་པ་དང་། ད་ཐེངས་ཀྱང་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་ཞུ་མཁན་དང་རྒྱ་གཞུང་ལ་ཞི་རྒོལ་ བྱེད་མཁན་རྣམས་ཀྱི་བསམ་བློའི་ནང་། ཉེ་རབས་ལོ་རྒྱུས་སུ་རིན་པོ་ཆེ་ལ་མ་ཉེས་ཁག་གཡོག་གིས་འཛིན་བཟུང་བྱས་པ་དང་གཅིག ཡར་ཞུ་ཞི་བའི་ལས་འགུལ་ལ་དྲག་པོས་འགོག་རྒོལ་བྱས་པ་དང་གཉིས། བོད་མི་རྣམས་ལ་ས་གནས་རྒྱ་ནག་གཞུང་ནས་ལོ་ནས་ལོ་བསྟུད་དེ་སྡུག་བསྔལ་ཚད་མེད་ཅིག་བཟོས་པ་དང་གསུམ། བཅས་གནས་ཚུལ་དེ་དག་ཚང་མ་མི་རབས་འདི་ཙམ་མ་ཡིན་པར། མི་རབས་ཕྱི་མ་ཕྱི་མས་སེམས་ནས་བརྗེད་ཐབས་ཡོད་པ་མ་རེད། ཅེས་པའི་བརྡ་ལན་དེ་ས་གནས་རྒྱ་རིགས་དང་བོད་མི་གཞོན་སྐྱེས་རྣམས་ཀྱི་བསམ་བློའི་ནང་གསལ་པོ་བཞག་ཡོད་པའི་གནས་ཚུལ་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།