ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་སྐོར་གྱི་བགྲོ་གླེང་།

ཟླ་འདིའི་ཚེས་༡༡ ནས་ཉིན་གཉིས་རིང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་བོད་མིའི་གཞིས་སྒར་དུ་རྟེན་གཞི་བྱས་པའི་སྟག་ཚང་ར་བ་སྟོད་པའི་གྲྭ་ཚང་གི་འདུ་ཁང་དུ། ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་བྱེད་ཕྱོགས་སྐོར་ལ་བགྲོ་གླེང་ཞིག་ཉིན་གཉིས་རིང་འཚོགས་ཡོད་པ་རེད།
photo 3བགྲོ་གླེང་ཐོག་རྩོམ་སྒྲིག་འགན་འཛིན་ཚོགས་ཆུང་གི་ཚོགས་གཙོ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་དང་། ཚོགས་མི་ཡང་སྟེང་རིན་པོ་ཆེ། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། གཞན་ཡང་གདན་སའི་གྲྭ་ཚང་དྲུག་ནས་དཔྱད་ཞིབ་པ་མཁས་དབང་དགེ་བཤེས་གསུམ་རེ་དང། ཀུན་བཏུས་རྩོམ་སྒྲིག་པ་བཞི་བཅས་ཀྱིས་ཚན་རིག་སྐོར་གྱི་པོད་འབྲིང་བའི་མཐའ་མའི་རགས་ཟིན་ཐོག་བགྲོ་གླེང་གནང་ཡོད་པ་རེད།
ཚེས་༡༢ ཉིན་གྱི་ཕྱི་དྲོ་བགྲོ་གླེང་མཇུག་བསྡོམས་གནང་ཡོད་པ་དང་སྐབས་དེར་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་གླེགས་བམ་རྒྱས་འབྲིང་བསྡུས་གསུམ་རྩོམ་སྒྲིག་ཇི་ལྟར་བྱེད་ཀྱི་ཡོད་མེད་སྐོར་ལ་ཀུན་བཏུས་རྩོམ་སྒྲིག་པ་དགའ་ཤར་དགེ་བཤེས་བྱང་ཆུབ་སངས་རྒྱས་ལ་བཅར་འདྲི་བྱས་ཡོད།

དྲི་བ། དཔེ་དེབ་དེ་འདོན་སྤེལ་བྱེད་རྒྱུའི་དགོས་པ་རྒྱུ་མཚན་གཙོ་བོ་གང་ཡིན་ནམ།
ལན། ཀུན་བཏུས་ཀྱི་གླེགས་བམ་པོད་རྒྱས་འབྲིང་འདི་དག་ནི། ༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་རེ་བཞིན། དཔལ་ན་ལེནྡྲའི་བཞེད་གཞུང་ལས་གཞི་དངོས་པོའི་རྣམ་གཞག་གི་ཐོག་ལ་བཤད་པ་ཟབ་མོ་ཇི་ལྟར་མཛད་མིན་རྒྱལ་སྤྱིའི་རིག་གནས་ཀྱི་མདུན་སར་ལེགས་པར་སྟོན་ཐུབ་པ་དང་། འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོང་ཆེད་སྐད་ཡིག་ཆེ་ཁག་ཉི་ཤུ་ལྷག་གི་ནང་ཕབ་སྒྱུར་ཞུ་གཏན་འཁེལ་ཡོད་པས། ཤིན་ཏུ་གལ་འགངས་ཆེན་པོའི་ཐོག་ནས་གང་ཐུབ་ཀྱིས་སྤུས་དག་པོ་བཟོ་དགོས་པ་སོགས་ལ་བརྟེན། པོད་འབྲིང་བའི་མཐའ་མའི་རགས་ཟིན་འདི་ཉིད་ཕྱི་ཟླ་༨ ཚེས་༡༤ ཉིན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་འབུལ་ཞུས་ཡོད། གཞན་ཡང་རགས་ཟིན་འདི་ཉིད་རིས་མེད་ཀྱི་མཁན་པོ་དང་དགེ་བཤེས། ཕྱི་ཕྱོགས་སུ་བཞུགས་པའི་རང་རེའི་མཁས་དབང་ཁག་ཅིག་ལ་གཟིགས་ཞིབ་ཏུ་ཕུལ་ཏེ། དགོངས་འཆར་བསྡུ་ལེན་གཏན་འབེབས་ཞུས་ཐོག་མི་རིང་བར་འགྲེམས་སྤེལ་ཐུབ་ན་ལེགས་ཚུལ་གྱི་བཀའ་གསལ་སྤྱི་བོར་ཕེབས་པ་བཞིན། གང་འགྱོགས་བགྲོ་གླེང་སྐབས་ཀྱི་གྲུབ་དོན་ཁག་དང་ཕྱི་ཕྱོགས་སུ་བཞུགས་པའི་རང་རེའི་མཁས་དབང་རྣམས་ཀྱི་དགོངས་ཚུལ་བསྡུ་ལེན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སྒྲོན་ཞུས་ཏེ་མཐའ་མའི་གཏན་འབེབས་ཞུ་གཏན་འཁེལ་ཡོད།

དྲི་བ། ཚན་རིག་ཀུན་བཏུས་པོད་འབྲིང་བ་ཞིག་བསྐྱར་དུ་རྩོམ་སྒྲིག་བྱེད་དགོས་པའི་དགོས་པ་གང་ཡིན་དང་བསྒྲིགས་ཚུལ་གང་འདྲ་ཡིན་ནམ།
photo 2ལན། འདི་ལོའི་ཕྱི་ཟླ་༣ ཚེས་༡༦ ཉིན་ཀུན་བཏུས་རྩོམ་སྒྲིག་ཚོགས་མི་རྣམས་དང། དེབ་འདི་ཉིད་དབྱིན་ཡིག་ཐོག་སྒྱུར་མཁན་ལོ་ཙཱ་བ་གཉིས་བཅས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུ་སྐབས། མགོན་པོ་མཆོག་ནས་ཚན་རིག་སྐོར་གྱི་པོད་དང་པོ་གཉིས་གང་ལེགས་བྱུང་འདུག་པས་མི་རིང་བར་པར་སྐྲུན་དང་སྐད་ཡིག་དུ་མའི་ཐོག་བསྒྱུར་རྒྱུ་དང་། ད་དུང་ལས་དང་པོ་བ་རྣམས་འཇུག་པ་བདེ་བའི་ཆེད་དུ་བཀའ་བསྟན་ལུང་ཁུངས་ཀྱི་སྤྲོས་པ་མེད་ཅིང་ད་ལྟའི་དེབ་འདིའི་ནང་ནས་སྙིང་པོ་བསྡུས་ཏེ་པོད་འབྲིང་བ་ཞིག་དང་བསྡུས་པ་ཞིག་སྟེ་རྒྱས་འབྲིང་བསྡུས་གསུམ་བྱུང་ན་ལེགས་ཚུལ་གྱི་བཀའ་བསྩལ་སྤྱི་ཕེབས་ལྟར། པོད་འབྲིང་བ་འདི་ཉིད་གསར་བསྒྲིགས་ཞུས་པ་ཡིན། བསྒྲིགས་ཚུལ་ནི། སྐབས་ཀྱི་གྲངས་དང་གོ་རིམ། ནང་དོན་ས་བཅད་ཀྱི་སྒྲོམ་གཞི་བཅས་དེབ་རྒྱས་པ་གཉིས་གཞིར་བཞག་གིས་ལུང་འདྲེན་བརྒྱ་ཆའི་བརྒྱད་ཅུ་དང་དེ་ཙམ་ཉེ་བར་མི་མཁོ་བའི་ས་བཅད་ཁ་ཤས་དང་འཕྲོས་བཤད་ཀྱི་ཚིག་ཚོགས་རིགས་བཅས་དོར་བ་དང། བློ་དམན་པ་རྣམས་འཇུག་པ་བདེ་བའི་ཁྱད་ཆོས་གཙོར་བཟུང་ཐོག སྐབས་བབ་ཀྱི་མཚན་གཞི་རྣམས་དང། གཞུང་ཆེན་མོའི་མིང་ཚིག་གོ་དཀའ་བ་ལྟ་བུའི་རིགས་རྣམས་ལ་གང་ཐུབ་ཀྱིས་ཁ་གསལ་གོ་བདེའི་ཐ་སྙད་བེད་སྤྱོད་དང། ཚིག་ཉུང་ལ་དོན་གསལ་བའི་ཁྱད་ཆོས་ཡོང་ཐབས་བྱས་ཏེ་པོད་འབྲིང་གཅིག་བསྒྲིགས་ཡོད།

དྲི་བ། ཐེངས་འདིའི་བགྲོ་གླེང་གི་སྐབས་མཁས་དབང་རྣམ་པའི་དགོངས་ཚུལ་གཙོ་བོ་གང་ཡིན་དང་། བགྲོ་གླེང་གི་གྲུབ་འབྲས་གང་འདྲ་བྱུང་ཡོད་དམ།
ལན། བགྲོ་གླེང་ལ་ཕེབས་པའི་གདན་སའི་མཁས་དབང་དགེ་བའི་བཤེས་གཉེན་ཚང་མས། མགྲིན་གཅིག་དབྱངས་གཅིག་གི་ཐོག་ནས། འགྲེམས་སྤེལ་བྱས་ཟིན་པའི་ཀུན་བཏུས་པོད་རྒྱས་པ་གཉིས་ཀྱི་ཚིག་དོན་དང་བསྒྲིགས་སྟངས་ལ་ཡིད་དབང་རབ་ཏུ་ཕྲོགས་ཤིང་། ཡག་པོ་ཞེ་དྲག་འདུག་ཅེས་བསྔགས་བརྗོད་དང་གདེང་འཇོག་ཆེན་པོ་གནང་བ་མ་ཟད། བེད་སྤྱོད་གཏོང་ཕྱོགས་ཀྱི་ཐད་ལའང་དགོངས་ཚུལ་གནང་སོང་། ༸གོང་ས་མཆོག་ནས་ཐུགས་རེ་གནང་བ་བཞིན་རིས་སུ་མ་མཆིས་པའི་བཤད་སྒྲུབ་ཀྱི་བསྟི་གནས་ཁག་གི་ཕྱག་དཔེ་ཁྲིད་མཁན་གྱི་དགེ་བའི་བཤེས་གཉེན་རྣམས་ཀྱིས་ལོ་མང་རིང་གཞུང་ཆེན་མོར་སློབ་གཉེར་མཐར་ཕྱིན་པ་གནང་རྗེས། ལོ་ནས་ལོ་བསྟུད་དེ་སློབ་གཉེར་བ་བརྒྱ་ཕྲག་མང་པོར་གཞུང་ཆེན་མོའི་དཔེ་ཁྲིད་གནང་མཁན་ཤ་སྟག་ཅིག་ཡིན་པས། བཀའ་བསྟན་གྱི་གཞུང་འབའ་ཞིག་ལས་བཏུས་ཤིང་གཞི་དངོས་པོའི་རྣམ་གཞག་གསལ་བར་སྟོན་པའི་ཀུན་བཏུས་ཀྱི་པོད་འདི་དག་ལ་གདེང་འཇོག་དང་། ༸གོང་ས་མཆོག་གི་དགོངས་གཞི་ལྟར་ཕྱི་མི་ཙམ་དུ་མ་ཟད་བོད་མིའི་སྤྱི་ཚོགས་ཁྲོད་གཟེངས་སུ་ཐོན་པའི་བེད་སྤྱོད་ཚད་ལྡན་གནང་རྒྱུའི་ཐུགས་འགན་ཡང་ཁོང་རྣམ་པའི་ཕྱག་ཏུ་ཡོད་སྙམ། བགྲོ་གླེང་དངོས་གཞིའི་སྐབས་ཀུན་བཏུས་པོད་འབྲིང་བའི་མཐའ་མའི་རགས་ཟིན་གྱི་ཐོག་བགྲོ་གླེང་ཞིབ་རྒྱས་གནང་སྟེ་གཞུང་གི་དཀའ་གནད་མང་པོ་ཞིག་ལ་དོགས་གཅོད་དང་བློ་སྐྱེད་ཞེ་དྲག་བྱུང་སོང་།

དྲི་བ། འགྲེམས་སྤེལ་ཟིན་པའི་ཀུན་བཏུས་པོད་རྒྱས་པ་གཉིས་ལ་སྤྱི་ཚོགས་ནང་ལེགས་ཉེས་ཀྱི་བསམ་ཚུལ་གང་འདྲ་ཡོང་གི་འདུག་གམ།
ལན། ད་ལྟ་ཕན་བསམ་ཚུལ་འདི་དང་འདི་ཡོང་གི་འདུག་ཅེས་ཞུ་རྒྱུ་གང་ཡང་མེད། སྤྱིར་གཞུང་ཆེན་ལ་སློབ་གཉེར་བྱེད་མ་མྱོང་བ་རྣམས་ཀྱིས་ལེགས་ཉེས་དང་འགྲིག་མིན་བརྗོད་དཀའ་མོ་རེད། བརྗོད་ཀྱང་དེ་ལ་སྙིང་པོ་དང་རིན་ཐང་གང་ཡང་མེད། ང་རང་གི་བསམ་ཚུལ་ལྟར་ན། ནང་པ་དང་ཚན་རིག་པ་གཉིས་ཀས་གཙོ་བོ་རིགས་པ་ལ་བརྟེན་ཅིང་དཔྱད་པའི་གཞི་རྩ་མྱོང་བ་ལ་ཐུག་དགོས་པར་མཚུངས་པས། དཔྱད་དོན་གཏན་ལ་འབེབས་ཚུལ་གྱི་ཐད་རྩ་བའི་འགྲོ་ཕྱོགས་གཅིག་གྱུར་ཡིན་ནའང་། ནང་པའི་ཚན་རིག་དང་དེང་རབས་ཀྱི་ཚན་རིག་དབར་དཔྱད་བྱའི་ཡུལ་ལ་རྒྱ་ཆེ་ཆུང་དང་། དཔྱོད་ཤེས་དང་། དཔྱོད་ཐབས་སོགས་ལ་ཁྱད་པར་ཆེན་པོ་ཡོད་པས། དེ་དག་གི་ཁྱད་པར་དང་ནང་པའི་ཚན་རིག་གི་གོ་དོན་ཇི་བཞིན་མ་རྟོགས་ན། ནང་པའི་ཚན་རིག་ཅེས་པ་དེང་རབས་ཀྱི་ཚན་རིག་དང་འདྲ་བར་འཕྲུལ་ཆས་དང་རྩིས་རིག་གི་ལམ་ནས་ཕྱི་གཟུགས་ཅན་གྱི་ཆོས་ལ་དཔྱོད་པའམ་གཟུགས་ཅན་གྱི་རྣམ་གཞག་རྩལ་འདོན་བྱས་པ་ལྟ་བུ་ཞིག་ལ་གོ་ནོར་ཐེབས་ཉེན་ཡོད།
ནང་པའི་གཞུང་ནས་གཞི་དངོས་པོའི་རྣམ་གཞག་གམ་ཚན་རིག་འཆད་པ་ན། བཟང་ངན་དང་བླང་དོར་གྱི་དབྱེ་བ་མ་ཕྱེ་བར་རང་རང་གི་རང་བཞིན་ནམ་དངོས་པོའི་གནས་ཚུལ་གང་ཡིན་པ་དེ་གཏན་ལ་ཕབ་ཡོད་ཅིང། དེ་ལ་ནི་ནང་པའི་གཞུང་ནས་གསུངས་པའི་ཚན་རིག་ཅེས་བྱ། ཐ་སྙད་དེ་༸གོང་ས་མཆོག་གིས་གསར་བཏོད་མཛད་གནང་བ་ཞིག་རེད། ནང་པའི་གཞུང་གི་ཆོས་སྐད་ལྟར་ན་གཞི་དངོས་པོའི་གནས་ཚུལ་ཞེས་པ་དེ་ཡིན། སྤྱིར་ཚན་རིག་ཅེས་པ་ཡུལ་དངོས་པོའི་གནས་ཚུལ་ལ་དཔྱད་པའི་གྲུབ་དོན་དང་། ཞིབ་འཇུག་གི་དཔྱད་ཐབས་གཉིས་ཀ་ལ་བརྗོད་ཆོག་ཀྱང། གཙོ་བོ་ནི་གང་ལ་དཔྱོད་པའི་ཡུལ་དང་། དཔྱད་པའི་གྲུབ་དོན་ཙམ་གྱི་སྟེང་ནས་མི་འཇོག་པར། ཇི་ལྟར་དཔྱོད་པའི་ཐབས་ལམ་དམིགས་བསལ་བ་ཞིག་གི་སྟེང་ནས་ཀྱང་འཇོག་དགོས་པར་དེང་རབས་ཀྱི་འགྲེལ་བརྗོད་པ་ཕལ་ཆེ་བས་བཤད། ནང་ཆོས་ནས་བཤད་པའི་ཚན་རིག་གི་སྡེ་ཚན་ནང་གཟུགས་ཕྲ་རགས་དང་། འབྱུང་བ་འབྱུང་གྱུར། རྡུལ་ཕྲན་གྱི་རྣམ་གཞག་སོགས་ཕྱི་དངོས་ཁམས་རིག་པའི་སྐོར། སེམས་དང་སེམས་བྱུང་དང། ཚད་མ་དང་ཚད་མིན། རྟོག་པ་དང་རྟོག་མེད། སེམས་ཕྲ་རགས་སོགས་ནང་སེམས་ཁམས་རིག་པའི་རྣམ་གཞག་སོགས་ཡོད། ཕྱི་གཟུགས་ཅན་གྱི་རྣམ་གཞག་ནི་ནང་ཤེས་པ་ལ་ལྟོས་ཏེ་ཞར་བྱུང་དུ་གྱུར་པས། ནང་པའི་གཞུང་དུ་གཟུགས་ཅན་གྱི་རྣམ་གཞག་ལས་ཤེས་པའི་རྣམ་གཞག་རྒྱས་པར་འབྱུང་བའི་ཚུལ་དེ་ཉིད་ཡིན།

དྲི་བ། ཀུན་བཏུས་པོད་རྒྱས་པ་གཉིས་འགྲེམས་སྤེལ་བྱས་པ་དེ་སྐད་ཡིག་གཞན་ག་ཚོད་ནང་ཕབ་བསྒྱུར་གནང་ཕྱོགས་གང་འདྲ་ཡིན་ནམ།
ལན། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་དཔར་ཐེངས་དང་པོར་དེབ་གྲངས་དྲུག་སྟོང་རེ་པར་སྐྲུན་ཞུས་ཏེ་ཆོས་རིག་ལས་ཁུངས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་དང། ཤེས་རིག་ལས་ཁུངས་ཀྱི་བརྒྱུད་སློབ་གྲྭ་ཁག་དང་དེ་བཞིན་དཔེ་མཛོད་ཆེ་ཁག་ལ་རིན་མེད་ཐོག་འགྲེམས་སྤེལ་ཞུས་གནང་སོང་། དཔར་ཐེངས་གཉིས་པར་དེབ་གྲངས་ཆིག་ཁྲི་ཐམ་པ་རེ་པར་སྐྲུན་ཞུས་ཏེ་འདི་ལོའི་ལམ་རིམ་བཀའ་ཁྲིད་ཀྱི་སྔོན་དུ་འགྲེམས་སྤེལ་གནང་འཆར་འདུག། ཕྱག་དེབ་འདི་དག་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བ་གང་ཡང་མེད་པས། བོད་ནང་ནས་ཀྱང་དཔར་ཐེངས་གསུམ་ཙམ་པར་སྐྲུན་བྱས་ཟིན་འདུག།
སྐད་ཡིག་གཞན་ནང་ཕབ་བསྒྱུར་ཞུ་ཕྱོགས་ཀྱི་ཐད། དབྱིན་ཡིག་དང་རྒྱ་གར། རྒྱ་ཡིག་སོགས་སུ་བསྒྱུར་དང་སྒྱུར་བཞིན་པ་དང། སོག་པོ་དང་། ཉི་ཧོང། འཇར་མན། ཧྥ་རན་སི། སི་པན། ཨི་ཊ་ལི། ཝེ་ཐི་ནམ། ཀོ་རི་ཡ་སོགས་སྐད་ཡིག་མང་པོ་ཞིག་གི་ཐོག་ཕབ་སྒྱུར་ཞུ་གཏན་འཁེལ་ཡོད། མང་པོ་ཞིག་སྔོན་དུ་དབྱིན་ཡིག་ཐོག་བསྒྱུར་རྗེས་འགོ་འཛུགས་བྱ་འཆར་འདུག །
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས་ཀྱིས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||