སྐུ་ཚབ་དོན་གཅོད་དང་བོད་དོན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༡༤ ཕྱི་ལོ་ ༢༠༡༤/༡༠/༢༩
བོད་པ་རྣམས་བཙན་བྱོལ་དུ་གྱར་ནས་མི་ལོ་ལྔ་བཅུ་ལྷག་གི་རིང་བོད་དོན་འཐབ་རྩོད་ཀྱི་ཐོག་ལ་ནུས་ཤུགས་གང་ཡོད་བཏོན་ཡོད་ཀྱང། བོད་དོན་འཐབ་རྩོད་ཀྱི་གནས་བབས་ཐོག་ནས་ཤུགས་རྐྱེན་ཆེ་རུ་སོང་ཡོད་ཅེས་བཤད་དགོས་ན་དཀའ་ལས་ཁག་པོ་ཆགས་ཡོད། དེ་ནི་གཙོ་བོ་དཔལ་འབྱོར་གྱི་གནས་བབས། ཆབ་སྲིད་ཀྱི་གནས་སྟངས་གང་ཐད་ནས་བོད་པའི་ཁ་གཏད་རྒྱ་དམར་གཞུང་དེ་འཛམ་གླིང་གི་སྟོབས་ཆེ་ཤོས་གྲས་སུ་སླེབས་ཟིན་པའི་དེ་རིང། ང་ཚོའི་འཐབ་རྩོད་ཀྱི་ནུས་ཤུགས་ཆེ་རུ་མ་སོང་བར་བསམ་ཤེས་མི་ཐུབ་པ་ཞིག་ཀྱང་མ་རེད། འོན་ཀྱང་བཙན་བྱོལ་གྱི་མི་ལོ་ལྔ་བཅུ་ལྷག་གི་རིང་སློབ་སྦྱོང་གི་མཐུན་རྐྱེན་དང་གོ་སྐབས་གང་འཚམས་ཡག་པོ་ཡོད་པར་བརྟེན། འཛམ་བུའི་གླིང་གི་ཐོག་ཏུ་དཔུང་པ་མཉམ་གཤིབས་བྱེད་ཐུབ་མཁན་གྱི་མི་མང་པོ་མེད་པའི་དབང་དུ་བཏང་ཡང་སྒྲིག་འཛུགས་ཆུང་ཆུང་འདིའི་དགོས་མཁོ་སྐོང་ཐུབ་པའི་མི་སྣ་འདང་ངེས་ཤིག་དང། ལྷག་པར་དུ་ཕྱི་འབྲེལ་དང་འབྲེལ་ཡོད་མི་སྣ་འདང་ངེས་ཤིག་མེད་པ་ནི་ཆེས་བློ་ཕམ་གྱི་རང་བཞིན་དུ་གྱུར་ཡོད།

དཔེར་ན་ཉེ་ཆར་ཨུ་རུ་སུ་དང་སོག་པོའི་སྐུ་ཚབ་དོན་གཅོད་དུ་སོག་པོ་ཏེ་ལོ་རིན་པོ་ཆེ་བསྐོ་གཞག་གནང་བའི་གནས་ཚུལ་དེ་ཐོས་སྐབས། ཁོང་གི་འཇོན་ཐང་དང་བོད་དོན་རྒྱབ་སྐྱོར་གྱི་སེམས་ཤུགས་སོགས་གང་ཐད་ནས་དོན་གཅོད་པར་འོས་འཚམས་ཤིག་མིན་པའི་རྒྱུ་མཚན་སྣ་གཅིག་བགྲང་རྒྱུ་མེད་པ་མ་ཟད་སེམས་གཏིང་ནས་ཡག་པོ་ཞིག་ཡིན་ཤག་བྱས་ཡོད་ཀྱང། བོད་པའི་སྐུ་ཚབ་དོན་གཅོད་དུ་བོད་པ་ཞིག་བསྐོ་གཞག་བྱེེད་མ་ཐུབ་པར་བོད་པ་དང་ཤ་ཁྲག་རུས་རྒྱུད་གང་དང་ཡང་འབྲེལ་བ་གཏན་ནས་མེད་པ་ཞིག་བསྐོ་གཞག་བྱེད་དགོས་བྱུང་བའི་གནས་སྟངས་འདིར་བལྟས་དུས། ཁོང་སྐུ་སྒེར་གྱི་ངོས་ནས་བོད་པ་ཞིག་གིས་གཏན་ནས་འཇོན་མི་ཐུབ་པའི་ནུས་པ་ཆེན་པོ་སྟོན་ཐུབ་པའི་རེ་བ་རྒྱག་ཆོག་ཀྱང། འདས་པའི་མི་ལོ་ལྔ་བཅུ་ལྷག་གི་རིང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཤེས་ཡོན་དང་འཇོན་ཐང་ཅན་གྱི་མི་སྣ་གསོ་སྐྱོང་བྱེད་རྒྱུའི་ཐད་ནས་སྟོང་ཆ་ཧ་ཅང་ཆེན་པོ་ཞིག་ལྷག་ཡོད་པ་དེ་གསལ་སྟོན་བྱས་པ་ཞིག་མ་རེད་ཅེས་སུ་གཅིག་གིས་བཤད་མི་ཐུབ་པ་ཞིག་རེད།

བོད་དོན་ཆབ་སྲིད་ཀྱི་གནས་བབས་ཐོག་ནས་བཤད་ན་སྲི་ཞུའི་ལས་བྱེད་པའི་ནང་ནས་གལ་ཆེ་ཤོས་དེ་སྐུ་ཚབ་དོན་གཅོད་ཁག་ཡིན་པ་དང། ཕྱིའི་ཡུལ་གྲུ་ཁག་ཏུ་རྒྱ་ནག་གཞུང་གིས་བོད་ལ་གདུག་རྩུབ་ཅན་གྱི་སྲིད་བྱུས་སྣ་ཚོགས་སྔ་རྗེས་སུ་ལག་བསྟར་བྱེད་བཞིན་པར་བརྟེན། བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་ཀྱི་དགོས་མཁོ་སོགས་དུས་ནས་དུས་སུ་གསལ་བཤད་ར་སྤྲོད་དང་འབྲེལ། ཉི་མ་རེ་རེ་བཞིན་བོད་དོན་རྒྱབ་སྐྱོར་འཚོལ་ཐབས་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པ་མ་ཟད། དེ་དང་འབྲེལ་བའི་ལས་འགན་ཐོག་ནས་འབྲེལ་ཡོད་གཙོ་བོ་དེ་སྐུ་ཚབ་དོན་གཅོད་ཁག་ཡིན། དེ་དག་གི་མི་འགྲོའི་དགོས་མཁོ་ཙམ་འབེལ་འབེལ་ལྷུག་ལྷུག་གི་ཐོག་ནས་སྐོང་མི་ཐུབ་ན་དེ་ནི་འཐུས་ཆེན་པོ་ཤོར་ཡོད་པར་ངོས་འཛིན་བྱེད་དགོས་པ་ཞིག་རེད། དོན་དངོས་ཐོག་བོད་པ་མ་ཡིན་པ་ཞིག་བོད་མིའི་སྒྲིག་འཛུགས་དང་བོད་དོན་གང་ཐད་ནས་རྒྱབ་སྐྱོར་བ་ཡིན་པ་ལས་སྐུ་ཚབ་ཅིག་ཏུ་ངོས་འཛིན་བྱེད་འོས་མིན་ཡང་གནད་དོན་གྱི་འགག་རྩ་ཞིག་ཏུ་གྱུར་ཡོད་སྙམ།

ད་དུང་འདས་པའི་ལོ་བཅུ་ཕྲག་ཙམ་ནས་བཟུང་སྲི་ཞུའི་ལས་བྱེད་པའི་ནང་ནས་བོད་གཞུང་གི་མགོ་ཁྲིད་རྣམས་ལ་ངོ་བསྟོད་དང་གུས་གུས་ཞུམ་ཞུམ་བྱེད་པའི་བཟོ་ལྟ་སུས་སྟོན་ཐུབ་ནའང། དེ་སྐུ་ཚབ་དོན་གཅོད་དུ་བསྐོ་རྒྱུའི་རེ་བ་དང་གོ་སྐབས་ཡོད་པ་ལས། ཕྱིའི་སྐད་ཡིག་དང་ཆབ་སྲིད་ཐད་ནས་ཉམས་མྱོང་དང་ཤེས་རྒྱ་ཡོད་མེད་དང་འབྲེལ་བ་ཆེན་པོ་དེ་ཙམ་མེད་པ་ལྟ་བུའི་ཤོད་རྒྱུན་ཞིག་བདེན་མིན་གང་ལྟར་ཡང་ཡོད་པ་དང། དེ་བཞིན་གཞུང་གི་ལས་བྱེད་ཅིག་ལ་རེ་བ་ཆེན་པོ་བརྒྱབ་ནས་དོན་གཅོད་ཀྱི་ལས་བྱེད་དུ་བསྐོ་གཞག་གནང་ཞིང། རྗེས་སུ་ཚུར་དྷ་རམ་ས་ལར་བསྐོང་འགུག་བྱེད་སྐབས་ལས་བྱེད་ནས་རྩ་དགོངས་ཞུས་ཏེ། མུ་མཐུད་སྲི་ཞུའི་ལས་དོན་སྒྲུབ་འདོད་མེད་པའི་རྣམ་འགྱུར་གསལ་པོ་བསྟན་ནའང། རྗེས་སུ་ཐད་ཀར་སྐུ་ཚབ་དོན་གཅོད་པར་བསྐོ་གཞག་བྱས་པའི་གནས་ཚུལ་ཡང་ཐོན་བཞིན་ཡོད་སྟབས། ད་ལྟ་ཡོད་བཞིན་པའི་སྲི་ཞུ་བའི་ནང་དུ་དེ་ལྟ་བུའི་མི་གོ་ཆོད་ཅིག་མེད་པ་རེད་དམ། ཡང་ན་གནད་ཡོད་མི་སྣ་གཞན་གྱི་སྒེར་འབྲེལ་ལ་ཐུག་ཡོད་པ་རེད་ཅེས་དྲི་བ་འདི་དག་ཀྱང་རང་བཞིན་གྱིས་སླེབས་ཡོང་བ་ཞིག་རེད།

མདོར་ན་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་ཕྱིའི་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་རག་དགོས་པ་དེ་གལ་ཆེ་བ་དང། དེ་བཞིན་ཐད་ཀར་འབྲེལ་བ་ཡོད་པའི་སྐུ་ཚབ་དོན་གཅོད་ཀྱི་འགན་ཁུར་མཁན་མི་སྣ་དེ་དག་གལ་ཆེན་པོ་ཡིན་པ་ནི་བཤད་མི་དགོས་པ་ཞིག་རེད། ཆུང་ས་ནས་བཤད་ན་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ངོས་ནས་འགྲོ་གྲོན་ཆེ་ཤོས་དེ་ཡང་སྐུ་ཚབ་དོན་གཅོད་ཁག་ཡིན་སྟབས། ལས་དོན་དེའི་ཐོག་ལ་འཇོན་ངེས་འཕེར་ངེས་ཀྱི་མི་སྣ་གང་མང་གསོ་སྐྱོང་བྱས་ནས་བསྐོ་གཞག་བྱེད་མ་ཐུབ་ན་ཕྱོགས་གང་ཐད་ནས་གྱོང་གུད་ཆེན་པོ་ཞིག་ཏུ་གྱུར་ཡོད། འོན་ཀྱང་གནད་དོན་འདི་ལྟ་བུའི་ཐོག་ལ་བལྟ་ཚུལ་དྲང་པོ་བརྗོད་སྐབས་དབུ་ཕོག་ཞབས་ཕོག་འགྲོ་སྲིད་པ་དང། སྡེ་སྲིད་མགོ་ལེབ་མ་གཏོགས་གཞན་གྱིས་སྡེ་པ་གཞུང་གི་དོན་དག་ལ་བྱུས་གཏོགས་མི་བྱེད་པའི་ཤོད་རྒྱུན་དེ་ཕྱིས་སུ་ནོར་འཁྲུལ་དུ་བརྩི་སྲོལ་ཡོད་མོད། དེང་སྐབས་བྱུས་གཏོགས་བྱ་རྒྱུ་མང་སོང་ན་སྐབས་རེ་ཕོག་དགོས་སའི་དགྲ་ལ་མ་ཕོག་པར། ཕོག་མི་དགོས་པའི་གཉེན་ལ་ཕོག་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པས་རང་བཞིན་གྱིས་ཁ་བཙུམ་དགོས་པའང་མང་པོ་ཡོང་གི་འདུག།།