སྤྱི་འཐུས་ཀྱི་ཤེས་ཡོན་ཚོགས་ཆུང་ནས་སློབ་གྲྭ་ཚང་མའི་ནང་རྟོག་ཞིབ་བྱེད་རྒྱུ་ཡིན།

བོད་མི་མང་སྤྱི་འཐུས་སྐབས་༡༥ པའི་གྲོས་ཚོགས་ཚོགས་དུས་༨ པའི་ཐོག་སྤྱི་འཐུས་ལྷན་ཚོགས་ནས་ཤེས་ཡོན་ཚོགས་ཆུང་ཞིག་བཙུགས་ཏེ། ༢༠༡༤ ལོའི་ཕྱི་ཟླ་༡༠ ཚེས་༢༠ ནས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཐུབ་ཀྱི་ཡོད་མེད་སྐོར་ལ་རྟོག་ཞིབ་གནང་རྒྱུ་འགོ་འཛུགས་བྱས་ཡོད་པ་རེད།
ཤེས་ཡོན་ཚོགས་ཆུང་དེའི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་དང་། ཚོགས་དྲུང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན།  ཚོགས་མི་སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས།  སྤྱི་འཐུས་རྒྱ་རིགས་ཐར།   སྤྱི་འཐུས་བསོད་ནམས་རྒྱལ་མཚན་བཅས་བསྐོ་བཞག་བྱས་ཡོད་པ་རེད།
ཕྱི་ཟླ་༡༡ ཚེས་༣༡ ཉིན་ཤེས་ཡོན་ཚོགས་ཆུང་དེའི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལ་སློབ་གྲྭ་ཁག་གི་ནང་རྟོག་ཞིབ་བྱེད་སྟངས་སྐོར་ལ་བཅར་འདྲི་བྱས་པ་ཡིན།

དྲི་བ། སྤྱི་འཐུས་ཀྱི་ངོས་ནས་ཤེས་ཡོན་ཚོགས་ཆུང་ཞིག་གསར་འཛུགས་བྱས་ཡོད་པས། ཚོགས་ཆུང་དེས་ཞིབ་འཇུག་གནང་ས་གཙོ་བོ་ག་རེ་རེད།
_MG_3222ལན། ༢༠༡༣ ལོའི་འགོ་སྟོད་ཙམ་ནས་བརྒྱུད་ལམ་ཁག་དང་། སྤྱི་འཐུས་རྒྱུན་ལས་ནང་ད་ལྟའི་བཀའ་ཤག་གིས་ཤེས་ཡོན་སྲིད་ཇུས་ལག་བསྟར་གནང་གི་མི་འདུག་ཅེས་པའི་བསམ་ཚུལ་ཞིག་སླེབས་སྡོད་ཀྱི་ཡོད་པ་རེད། སྤྱི་འཐུས་རྒྱུན་ལས་ལ་སྡེ་ཚན་གསུམ་ཡོད་པའི་ནང་ནས་རྟོག་ཞིབ་སྡེ་ཚན་དུ་ང་དང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ཡོད། སྤྱི་འཐུས་རྒྱུན་ལས་ནས་ངེད་གཉིས་ལ་ཤེས་ཡོན་སྲིད་ཇུས་ལག་བསྟར་གནང་གི་འདུག་དང་མི་འདུག དེའི་ཐོག་ཞིབ་འཇུག་གྱིས་གསུངས་པས། ངེད་གཉིས་ཀྱིས་ད་ལྟའི་བཀའ་ཤག་གིས་ལག་བསྟར་གནང་གི་ཡོད་མེད་ལྟ་རྒྱུ་རེད་དམ། ཤེས་ཡོན་སྲིད་ཇུས་གཏན་འབེབས་བྱས་པ་ནས་ད་ལྟའི་བར་སྤྱི་ཡོངས་ལ་ཞིབ་འཇུག་དགོས་པ་རེད་ཅེས་དྲིས་དུས། སྤྱི་ཡོངས་ལ་ཞིབ་འཇུག་དགོས་པ་རེད་གསུངས་སོང་། དེ་ནས་ངེད་གཉིས་ཀྱིས་ཤེས་རིག་ལས་ཁུངས་སུ་ཤེས་ཡོན་སྲིད་ཇུས་གཏན་འབེབས་གནང་བ་ནས་བཟུང་སྟེ། ལོ་རེ་རེ་བཞིན་ལག་བསྟར་ག་རེ་བྱས་ཡོད་པ་དང་། དཀའ་ངལ་ག་རེ་འཕྲད་པ་སོགས་དགོས་ཀྱི་འདུག་ཞུས་པ་རེད། སྐབས་དེར་ཤེས་རིག་ལས་ཁུངས་ནས་སྔོན་ནས་ཟབ་སྦྱོང་སོགས་ལས་འཆར་མང་པོ་ཞིག་གོ་སྒྲིག་ཡོད་པས། དུས་ཚོད་ཕར་འགྱངས་གནང་རོགས་གསུངས་པས། དུས་ཚོད་ཕར་འགྱངས་བྱས་པ་དང་། རྗེས་སུ་ལས་བསྡོམས་སྙན་ཐོ་ང་ཚོར་གནང་བ་རེད།
སྤྱི་འཐུས་རྒྱུན་ལས་ཀྱི་དུས་ཚོད་ཕྱི་ཟླ་༥ པ་བར་རེད། ཕྱི་ཟླ་༥ པའི་ནང་ཤེས་ཡོན་སྲིད་ཇུས་ཐོག་རྒྱུས་ལོན་དང་། འབྲེལ་ཡོད་ལ་སྐད་ཆ་དྲིས་པ་ཡིན་མོད། དུས་ཚོད་ཐུང་ཐུང་ཞིག་གི་ནང་བྱེད་ཐུབ་པ་ཞིག་རེད་མི་འདུག ཕྱི་ཟླ་༦ པའི་ནང་འབའ་པ་སྐལ་བཟང་རྒྱལ་མཚན་སྤྱི་འཐུས་རྒྱུན་ལས་ནས་འཕོ་འགྱུར་འགྲོ་ཡི་ཡོད་པ་དང་།   སློབ་གྲྭ་དང་འབྲེལ་ཡོད་དགེ་རྒན། སློབ་མ་དང་ཕ་མ། བཀའ་བློན་དང་དྲུང་ཆེ་སོགས་ལ་སྐད་ཆ་མང་པོ་འདྲི་དགོས་ཀྱི་ཡོད་པས། དུས་ཚོད་འདང་གི་མི་འདུག དེར་བརྟེན་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་ཤེས་ཡོན་ཚོགས་ཆུང་འཛུགས་རྒྱུའི་ཆ་རྐྱེན་ཡོད་པ་དང་། དེའི་དུས་ཡུན་ཟླ་བ་༡༢ རེད། དེ་གཞིར་བཟུང་སོང་ན་ཡག་པོ་འདུག་ཅེས་ཞུས་པས། གྲོས་ཚོགས་ནང་ཤེས་ཡོན་ཚོགས་ཆུང་བཙུགས་རྒྱུར་མང་མོས་བྱུང་སྟེ། ང་ཚོ་མི་ལྔ་ཚོགས་ཆུང་ནང་བསྐོས་པ་རེད།
ང་ཚོའི་དམིགས་ཡུལ་གཙོ་བོ་ཤེས་ཡོན་སྲིད་ཇུས་རང་གི་ཐོག་ཏུ་དམིགས་རྒྱུ་ཡིན། ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་རྒྱུ་ཡོད་ན་ཡོད་པ་གསལ་པོ་དང་། མེད་ན་མེད་པ་དེ་གསལ་པོ་བཟོ་དགོས་ཀྱི་འདུག་མ་གཏོགས། དེ་སྦུག་སྦུག་(གསལ་པོ་མེད་པ་)ཐོག་ནས་བཞག་ན་འགྲིག་གི་མི་འདུག དེར་བརྟེན་ང་ཚོའི་ཚོགས་ཆུང་གི་ཚོགས་འདུ་དང་པོ་གཙོ་བོ་ལས་འཆར་སྐོར་ལ་འཚོགས་པ་དང། ཡིག་ཆ་དགོས་པ་དེ་ཚོ་དུས་བཀག་ནང་དགོས་ཀྱི་འདུག་ཅེས་བཀའ་ཤག་ལ་ཕུལ་ཟིན་པ་ཡིན། ཚོགས་འདུ་གཉིས་པ་དེ་ཕྱི་ཟླ་༡༡ ཚེས་༢༨ ནས་འཚོག་རྒྱུ་རེད། ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་གསུང་མཁན་དང་མེད་གསུང་མཁན་ཆ་ཚང་ལ་སྐད་ཆ་དྲིས་ན་བསམ་གྱི་འདུག་ལ། སློབ་གྲྭ་སྤྱི་ཡོངས་དང། སློབ་མའི་ཀུན་སྤྱོད་སོགས་གནས་སྟངས་མང་པོ་ལ་རྟོག་ཞིབ་བྱེད་རྒྱུའི་འདུན་པ་ཡོད།

དྲི་བ། ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་སའི་སློབ་གྲྭ་ཁག་ཅིག་དང་། སློབ་གྲྭ་མང་པོ་ཞིག་གི་ནང་ལག་བསྟར་འགོ་འཛུགས་ཀྱང་བྱས་ཡོད་པ་མ་རེད། དེའི་ཐོག་རྟོག་ཞིབ་ག་འདྲ་དགོས་རེད།
ལན། ང་ཚོའི་ཤེས་ཡོན་སྲིད་ཇུས་ཟེར་ན་ག་རེ་རེད། ལོ་སུམ་ཅུ་ལྷག་ལ་དགེ་རྒན་བྱེད་མྱོང་མཁན་དེ་འདྲས་ཀྱང་ཤེས་ཡོན་སྲིད་ཇུས་ལ་མོས་མཐུན་མེད་གསུང་མཁན་ང་རང་ལ་ཐུག་མྱོང་། ཕར་ཤེས་ཡོན་སྲིད་ཇུས་ག་རེ་རེད་དྲིས་དུས། བོད་ཡིག་མ་གཏོགས་སྐད་ཡིག་བཞན་པ་སྦྱོང་མི་ཆོག་པ་དེ་རེད་ཟེར་གྱི་འདུག དེ་འདྲ་ཟེར་ན་དགེ་རྒན་དེས་ཀྱང་ཤེས་ཡོན་སྲིད་ཇུས་ཤེས་ཀྱི་མེད་པ་རེད། དོན་དག་ངོ་མ་ཤེས་ཡོན་སྲིད་ཇུས་ལག་བསྟར་གནང་གི་ཡོད་ན། དེའི་དགེ་རྒན་དེ་ཚོའི་བསམ་བློའི་ནང་ཤེས་ཡོན་སྲིད་ཇུས་ག་འདྲ་ཞིག་རེད། ཤེས་ཡོན་སྲིད་ཇུས་ལག་བསྟར་གནང་གི་མིན་གསུང་མཁན་ཚོའི་བསམ་བློའི་ནང་ག་འདྲ་ཞིག་རེད། དེར་རྒྱུས་ལོན་དང་། བོད་ཡིག་མ་གཏོགས་སྦྱོང་མི་ཆོག་པའི་བསམ་བློ་ཁྱེར་ཡོད་པ་རེད་དམ། ཡང་ན་དོན་དག་གཞན་པ་ཡོད་པ་རེད། དེའི་ཐོག་ལ་ཡང་རྟོག་ཞིབ་བྱེད་དགོས་བསམ་གྱི་འདུག

དྲི་བ། སྤྱིར་བཏང་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་ནའང་། དེའི་ནང་ལག་བསྟར་བྱེད་མ་ཐུབ་པའི་རིགས་ཡོད་མེད་ལ་རྟོག་ཞིབ་གནང་གི་རེད་དམ།
ལན། དེར་སྤྱི་ཡོངས་ནས་ཞིབ་འཇུག་བྱེད་རྒྱུ་ཡིན། ཤེས་ཡོན་སྲིད་ཇུས་དེ་གྲོས་ཚོགས་ནས་གཏན་འབེབས་གནང་བ་ཞིག་ཡིན་པས། ཤེས་རིག་ལས་ཁུངས་ཀྱི་འོག་ཏུ་ཡོད་པའི་སློབ་གྲྭ་ཡོངས་རྫོགས་ཀྱིས་གཅིག་གྱུར་ལག་བསྟར་གནང་དགོས་པ་རེད། ལག་བསྟར་གནང་སྟངས་དེ་ང་ཚོའི་ཚོགས་ཆུང་ནས་ལམ་སྟོན་ཞིག་ཕུལ་དགོས་རེད། སྤྱི་ཡོངས་ལ་བསྐྱར་ཞིབ་བྱས་ཏེ། ཚང་མས་ལག་བསྟར་ཐུབ་པའི་ལམ་ཁ་ག་རེ་འདུག དེའི་ཐོག་ལྟ་དགོས་པ་རེད་བསམ་གྱི་འདུག
དྲི་བ། ཤེས་ཡོན་སྲིད་ཇུས་དེ་གྲོས་ཚོགས་ནང་སྤྱི་མོས་ཀྱིས་གཏན་འབེབས་བྱས་པ་ཞིག་ཡིན་པས། གྲོས་ཚོགས་ནང་སློབ་གྲྭ་ཚང་མས་ལག་བསྟར་དགོས་པའི་སྐོར་ལ་ལས་དོན་གནང་མྱོང་ཡོད་པ་རེད་དམ།
ལན། གྲོས་ཚོགས་ནང་ཚོགས་ཐེངས་རེར་ཤེས་ཡོན་སྲིད་ཇུས་སྐོར་གླེང་སློང་མ་བྱས་པ་ཡོད་པ་མ་རེད། ཡིན་ནའང་ལག་བསྟར་བྱེད་ཀྱི་ཡོད་མེད་སྐོར་ལ་རྟོག་ཞིབ་ད་ཐེངས་དང་པོ་རེད།

དྲི་བ། བཙན་བྱོལ་བོད་མིའི་ནང་བོད་ཡིག་དེ་གལ་ཆེན་དུ་བརྩི་ཡི་ཡོད་ནའང་། སྐད་ཡིག་ཡར་རྒྱས་མ་སོང་བའི་དཀའ་ངལ་ཡོད་པ་རེད། ཁག་ཅིག་གིས་སློབ་གྲྭར་ནང་ཆོས་དང་རིག་ལམ་མང་པོ་སློབ་ཀྱི་ཡོད་ནའང་། སྐད་ཡིག་གི་གནས་ཚད་ལ་འཐུས་ཤོར་འགྲོ་ཡི་ཡོད་པས། གཙོ་བོ་སྐད་ཡིག་གི་རྨང་གཞི་འཇོག་དགོས་པའི་བསམ་ཚུལ་འདོན་མཁན་འདུག དེའི་ཐོག་དགོངས་ཚུལ་ག་རེ་ཡོད།
ལན། སྐད་ཡིག་ག་འདྲ་ཞིག་ཡིན་ནའང། དང་པོ་ཕ་སྐད་དེ་ཡག་པོ་ཡོད་ན། སྐད་ཡིག་གཞན་པ་སྦྱོང་སྐབས་དཀའ་ངལ་ཡོད་པ་མ་རེད་བསམ་གྱི་འདུག ང་ཚོས་སློབ་སྦྱོང་བྱེད་སྐབས། ཕ་སྐད་ཏག་ཏག་མེད་པ་དང། གཞན་པའི་སྐད་ཡིག་ཀྱང་ཏག་ཏག་མེད་པར། སྐད་ཚང་མ་བསྲེས་ནས་སློབ་སྦྱོང་བྱས་པ་ཡིན་པས། གང་ཡིན་ནའང་ཁུངས་འཁྱོལ་བ་ཞིག་མེད་པ་རེད། ད་ལྟའི་ཕྲུ་གུ་ཚོར་བལྟས་ན། ང་རང་གི་ཕྲུ་གུ་ཡིན་ནའང་། འཛིན་གྲྭ་གསུམ་པའི་བོད་ཡིག་གནས་ཚད་ག་འདྲ་འདུག སྔོན་མ་འཛིན་གྲྭ་གསུམ་པའི་གནས་ཚད་ག་འདྲ་འདུག སོ་སོའི་ཕ་སྐད་སྔོན་མ་ལས་ཡག་པ་ཡོད་པ་ཞིག་རེད། ཡིན་ནའང་ཡར་སོང་དུས་དགེ་རྒན་གྱི་གནས་ཚད་གལ་ཆེན་པོ་རེད། ད་ལྟ་བྷུན་ཏར་དུ་དགེ་རྒན་འོས་སྦྱོང་བཙུགས་ཡོད་པ་རེད། དང་པོ་དམིགས་ས་ག་རེ་ཡིན་པ་དང་། ཤེས་ཡོན་སྲིད་ཇུས་ག་རེ་ཡིན་པ་གསལ་པོ་བཟོ་དགོས་རེད། འགྲོ་ས་ག་རེ་ཡིན་པ་ལ་བསམ་བློ་བཏང་ནས་སློབ་སྦྱོང་བྱས་ན་ཕན་ཐོགས་ཡོང་གི་རེད། ཁ་ཉིན་གྲོས་ཚོགས་ནང་དཔལ་ལྡན་བཀའ་བློན་གྱིས་ཤེས་ཡོན་སྲིད་ཇུས་ངོ་སྤྲོད་གནང་མེད་པ་འདྲ་གསུང་གི་འདུག ཉིན་དང་པོ་ནས་ཤེས་ཡོན་སྲིད་ཇུས་དོན་ཚན་བརྒྱད་ཅིག་ཡོད་པ་དེ་ངོ་སྤྲོད་བྱེད་དགོས་རེད། དེ་ནས་དགེ་རྒན་འོས་སྦྱོང་ཟེར་དུས་བོད་ཡིག་སྙན་ངག་དང་བརྡ་སྤྲོད་སོགས་སློབ་རྒྱུ་དེ་མ་རེད། སློབ་ཁྲིད་བྱེད་སྟངས་སློབ་དགོས་པ་དང་། དམིགས་ཡུལ་དེ་གསལ་པོ་བཟོ་དགོས་རེད། སྲིད་ཇུས་ཡག་པོ་ཡོད་ནའང་གཙོ་བོ་དགེ་རྒན་ཡག་པོ་དགོས་པ་རེད།
བོད་ཡིག་དང་བོད་སྐད་ཡག་པོ་ཞིག་མེད་ན་མཚན་ཉིད་སློབ་རྒྱུ་ཁག་པོ་རེད་བསམ་གྱི་འདུག ད་ལྟ་༧སྐྱབས་མགོན་རིན་པོ་ཆེས་སྐད་ཡིག་གཞན་པ་བརྒྱུད་ནས་རིག་ལམ་སློབ་དགོས་རེད་གསུང་གི་ཡོད་པ་རེད། དེ་ཡང་གནས་སྟངས་གཞན་པ་ཞིག་རེད། ཤེས་ཡོན་སྲིད་ཇུས་གཞིར་བཟུང་བྱས་ན་འཛིན་གྲྭ་གསུམ་པ་བར་དུ་ཕ་སྐད་ཁོ་ན་ལས། སྐད་ཡིག་གཞན་སློབ་རྒྱུ་ཕར་ཞོག སྐད་ཡིག་གཞན་པའི་གཞས་དང་ཞབས་བྲོ་ཡང་སློབ་ཀྱི་མེད་པ་རེད།

དྲི་བ། ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་སའི་ནང་། ལོ་སྔོན་མ་དཔེ་སྟོན་སློབ་གྲྭ་ནས་འཛིན་གྲྭ་བཅུ་པ་མཐར་ཕྱིན་རེད། ཤེས་ཡོན་སྲིད་ཇུས་ལག་བསྟར་བྱས་པ་ལ་བརྟེན་ནས། བོད་ཡིག་མ་ཡིན་པའི་དབྱིན་ཡིག་དང་ཚན་རིག་སློབ་ཚན་སོགས་སློབ་གྲྭ་གཞན་དང་བསྡུར་ན་སློབ་སྦྱོང་སྐྱོ་པོ་ཆགས་ཡོད་པ་རེད་དམ།
ལན། དེ་འདྲ་གང་ནས་ཆགས། གྲོས་ཚོགས་ནང་གསལ་པོ་གསུངས་སོང་། ཁོང་ཚོ་སློབ་གྲྭ་ཁག་གི་རྩེ་བཏོག་ལ་སླེབས་མེད་ནའང། གྲལ་མཐའ་ལ་སླེབས་མེད་གསུངས་པ་རེད། སྐད་ཡིག་དེ་དབྱིན་ཡིག་དང་བོད་ཡིག་གང་ཡིན་ཡང་སློབ་སྦྱོང་གི་བརྒྱུད་ལམ་ཞིག་རེད། དོན་དག་ངོ་མ་ཤེས་ཡོན་ཚད་ལྡན་ཡོད་མེད་བླངས་དོར་གྱི་གནས་དབྱེ་འབྱེད་དང་། ལེགས་ཉེས་དབྱེ་འབྱེད་ཤེས་དགོས་རེད། གཞན་རྟེན་གྱི་བསམ་བློ་ཁྱེར་ནས་འགྲོ་དགོས་རེད་དམ། ཡང་ན་སོ་སོའི་རྐང་པའི་ཐོག་ལངས་ནས་འགྲོ་ཐུབ་པ་ཞིག་དགོས་རེད། དེ་ཚོ་གཙོ་བོ་རེད། དཔེར་ན། ཤེས་ཡོན་སྲིད་ཇུས་གཞིར་བཟུང་གིས་འཛིན་གྲྭ་བཅུ་པ་མཐར་ཕྱིན་རྗེས། སློབ་གྲྭ་གཞན་ལ་བཏང་བ་དེ་འདྲས་ཚུར་སློབ་གྲྭ་ལ་ཡི་གེ་བཏང་བ་ཡོད་པ་རེད། དེ་ཚོའི་ཡི་གེ་དང་གཞན་པས་བཏང་བའི་ཡི་གེ་གཉིས་མཚུངས་བསྡུར་བྱས་ན་བསམ་བློའི་གནས་ཚད་ལ་ཁྱད་པར་ཞེ་དྲག་ཡོད་པ་རེད།

དྲི་བ། ཤེས་ཡོན་ཚོགས་ཆུང་གིས་ཞིབ་འཇུག་བྱས་རྗེས། ཡག་པོ་བྱུང་མེད་ན། མུ་མཐུད་ལག་བསྟར་ཡོང་ཐབས་དགོས་རེད་དམ། ཡང་ན་བསྒྱུར་བཅོས་གཏོང་དགོས་རེད།
ལན། ཚོགས་ཆུང་དེ་བསྒྱུར་བཅོས་ཀྱི་ཆེད་དུ་མ་རེད། ཤེས་ཡོན་སྲིད་ཇུས་ཇི་བཞིན་ལག་བསྟར་ཡོང་ཆེད་དུ་རེད། ལག་བསྟར་ཡོང་གི་མེད་ན། གང་ནས་ཡོང་གི་མི་འདུག ཡོང་ཐབས་སུ་ག་རེ་དགོས་རེད། དེ་མིན་སློབ་གྲྭ་སྤྱི་ཡོངས་ཀྱི་གནས་སྟངས་ལ་ཡང་རྟོག་ཞིབ་ཆེད་དུ་རེད།

དྲི་བ། ཤེས་ཡོན་སྲིད་ཇུས་དེ་གྲོས་ཚོགས་ནས་སྤྱི་མོས་གཏན་འབེབས་བྱས་པ་ཞིག་ཡིན་པས། མ་འོངས་པར་གྲོས་ཚོགས་ནས་སློབ་གྲྭ་ཚང་མའི་ནང་ལག་བསྟར་དགོས་པའི་བཀོད་ཁྱབ་གཏོང་བ་དེ་འདྲ་ཡོང་གི་རེད་དམ།
ལན། གྲོས་ཆོད་ནང་ཚང་མས་གཅིག་གྱུར་གྱིས་ལག་བསྟར་དགོས་ཀྱི་ཡོད་པ་རེད། ཁ་ཤས་ཀྱིས་ལག་བསྟར་བྱེད་ཀྱི་ཡོད་མདོག་དང་། ཁ་ཤས་ཀྱིས་མེད་མདོག་བྱས་ན་འགྲིག་གི་མ་རེད། ཤེས་རིག་ལས་ཁུངས་འོག་ཡོད་པའི་སློབ་གྲྭ་ཚང་མས་ལག་བསྟར་དགོས་པ་རེད། ལག་བསྟར་བྱེད་ཐབས་སུ། ད་ལྟ་ལག་བསྟར་བྱེད་ཀྱི་མིན་ཟེར་མཁན་ཚོས་གསུངས་པ་དེ་རྒྱུ་མཚན་རེད་དང་ལྟ་སྣང་རེད། དེ་ཧ་གོ་དགོས་པ་རེད། དེ་ནས་ལག་བསྟར་ཡོང་ཐབས་སུ་ལམ་ཁ་ག་རེ་འདུག དེ་འཚོལ་དགོས་ཀྱི་ཡོད་རེད།།

བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་ཇུས་ནི་༢༠༠༤ ལོར་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་གྲོས་ཚོགས་ནང་གཏན་འབེབས་བྱས་པ་ཞིག་ཡིན་པ་དང་། འཛིན་གྲྭ་བཞི་པའི་བར་དུ་སློབ་ཚན་ཚང་མ་བོད་ཡིག་ཐོག་བསླབས། དེ་ནས་འཛིན་གྲྭ་ལྔ་པ་ནས་དབྱིན་ཡིག་སློབ་རྒྱུ་འགོ་འཛུགས་དང་། འབྱུང་རིག་དང་ཚན་རིག་སོགས་སློབ་ཚན་གཞན་རྣམ་བོད་ཡིག་བརྒྱུད་ནས་སློབ་ཐབས་བྱེད་རྒྱུ་དེ་ཡིན་པ་རེད། ད་ལྟ་གངས་སྐྱིད་དུ་ཡོད་པའི་དཔེ་སྟོན་སློབ་གྲྭ་དང་། ཤེས་རིག་ལས་ཁུངས་འོག་གི་སཾ་བྷོཊའི་སློབ་གྲྭ་ཁག་གི་ནང་ལག་བསྟར་བྱེད་ཀྱི་ཡོད་ནའང་། བོད་ཁྱིམ་སློབ་གྲྭ་སོགས་ཁག་ཅིག་གིས་ད་དུང་ལག་བསྟར་ཐུབ་མེད་པ་རེད། །
གསར་འགོད་པ་ཆོས་ཉིད་འོད་ཟེར།