རི་ཉིལ་ནས་འདམ་དཀར་དགོན་རྙིང་འཐོར་ཞིག
ཟླ་༡༡ ཚེས་༢ ཉིན་ཁམས་ཡུལ་ཤུལ་རྫོང་ཁོངས་ཀྱི་འདམ་དཀར་དགོན་པ་རྙིང་པ་ཆགས་ཡུལ་གྱི་རི་ཉིལ་ནས་དགོན་རྙིང་གི་གཡོན་ཕྱོགས་ཀྱི་ལྷ་ཁང་དང་གྲྭ་ཤག མཆོད་རྟེན་མང་པོ་འཐོར་ཞིག་ཕྱིན་ཡོད་འདུག
རྒྱ་ནག་གིས་བོད་ལ་བཙན་འཛུལ་སྐབས་དགོན་པར་གཏོར་རྒོལ་ཐེབས་པར་བརྟེན། ཕྱི་ལོ་༡༩༨༡ ལོར་དགོན་པ་བསྐྱར་བཞེངས་བྱས་ཏེ། གཙུག་ལག་ཁང་བརྟེན་དང་བརྟན་པར་བཅས་པ་ལེགས་གྲུབ་བྱུང་ཡོད་འདུག་ཀྱང་། དེ་རྗེས་རྒྱ་རིགས་ས་དཔྱད་མཁས་པ་ཞིག་གིས་ས་ཆ་དེ་བརྟན་པོ་མེད་པས་གནས་སྤོ་དགོས་པའི་ལམ་སྟོན་བྱས་པ་ལྟར། ཕྱི་ལོ་༡༩༩༥ སྔར་གྱི་འདམ་དཀར་བཤད་གྲྭ་དེ་བདེ་འགྲོ་ཐང་དུ་སྤོས་ནས་གསར་བཞེངས་བྱས་ཟིན་སྟབས། ཁ་སང་རི་ཉིལ་སྐབས་མི་ཟོག་ལ་གནོད་སྐྱོན་གང་ཡང་བྱུང་མེད་པ་རེད།
འདམ་དཀར་ལྷུན་གྲུབ་བདེ་ཆེན་ཆོས་འཁོར་གླིང་ནི། རྒྱལ་བ་ཀརྨ་པ་དུས་གསུམ་མཁྱེན་པའི་དངོས་སློབ་རྫུ་འཕྲུལ་གྱི་བཀའ་བབས་གྲུབ་པའི་སློབ་དཔོན་ཆེན་པོ་འབར་ཚ་སྟག་རྡེལ་བའམ་ཉི་མ་རས་ཆེན་གྱིས་ཕྱི་ལོ་༡༡༩༠ ནང་སྐོར་ཙམ་དུ་ཕྱག་བཏབ་ཅིང་མཚན་གསོལ་ཡོད་འདུག།
གསར་འགོད་པ་ངག་དབང་ཐར་པ།