ཁྲིམས་མཐུན་མ་ཡིན་པའི་ཁྲིམས་ལ་ངོ་རྒོལ་བྱེད་དགོས།
རྒྱ་བོད་གཉིས་ད་དུང་འདི་ལྟར་མུ་མཐུད་སོང་ན་གཞུང་དམངས་གཉིས་ནི་ནམ་ཡང་འདུམ་ཐབས་བྲལ་བའི་མེ་དང་ཆུ་རུ་འགྱུར་སྲིད་ལ། རྒྱལ་ཁོངས་འདི་ཡང་བདེ་འཇགས་མེད་པའི་འཇིགས་རུང་གི་གཡུལ་ས་ཞིག་ཏུ་འགྱུར་ཉེན་ཤིན་ཏུ་ཆེ་ཞེས་བོད་ནང་གི་རྩོམ་པ་པོ་དྷི་ལྷ་ལྡན་གྱིས་བྲིས་འདུག
ཟླ་འདིའི་ཕྱི་ཚེས་༡༢ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་འོག བོད་ནང་དུ་གནས་སྡོད་རྩོམ་པ་པོ་དྷི་ལྷ་ལྡན་གྱིས་བརྩམས་པའི་<<བསྟུན་རྒོལ་ཁྲིམས་གཏུགས་>> ཞེས་པའི་དེབ་ཀྱི་བརྗོད་དོན་དང་འབྲེལ། བོད་ནང་གི་རྩོམ་པ་པོ་གླེང་བ་ཞེས་པའི་བགྲོ་གླེང་ཞིག་དྷ་ས་བདེ་དོན་ཚོགས་ཁང་དུ་འཚོགས་ཡོད་པ་རེད།
བགྲོ་གླེང་ཐོག་ལྟེ་གནས་ཁང་དེའི་འགན་འཛིན་ཚེ་རིང་མཚོ་མོས་ངོ་སྤྲོད་གཏམ་བཤད་གནང་བ་དང་། ཉིན་དེར་སྤེལ་བའི་གསལ་བསྒྲགས་དེའི་ནང་འཁོད་དོན། “རྒྱལ་ཚོགས་ཀྱི་ངོས་ནས་ལོ་ལྟར་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་འབོད་ཚིག་བྱེ་བྲག་པ་རེ་དམིགས་འདོན་གྱི་སྒོ་ནས་དུས་དྲན་སྲུང་བརྩི་གནང་བཞིན་ཡོད་པ་ལྟར། འདི་ལོར་ “འགྲོ་བ་མིའི་ཐོབ་ཐང་ ༣༦༥” ཞེས་པའི་འབོད་ཚིག་འོག འདི་ལོའི་ལོ་ཧྲིལ་པོའི་ཉི་མ་རེ་རེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ཡིན་པའི་ངོས་འཛིན་གྱི་སྒོ་ནས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་གནང་བཞིན་ཡོད། འགྲོ་བ་མིའི་ཐོབ་ཐང་གི་གཞི་འཛིན་ས་སྟེ། <<རྒྱལ་སྤྱིའི་འགྲོ་བ་མིའི་ཡོངས་ཁྱབ་གསལ་བསྒྲགས>> ནང་དུ། སྐྱེ་བོ་མི་སྒེར་རེ་རེར་དད་མོས་དང་བསམ་བློ། སྨྲ་བརྗོད། རྩོམ་འབྲི། པར་འགྲེམས། འདུ་འཛོམས་བཅས་ཀྱི་རང་དབང་འདྲ་མཉམ་དུ་འཐོབ་དགོས་པ་བཀོད་ཡོད་པ་ལྟར། མ་གཞི་འགྲོ་བ་མི་རྣམས་ཀྱིས་སྨྲ་བརྗོད་ལ་བརྟེན་ནས་ཕན་ཚུན་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་བཅས་གནང་བཞིན་ཡོད་པས། གཞི་རྩའི་ཐོབ་ཐང་དེ་དག་ཁྲོད་ནས་ཀྱང་སྨྲ་བརྗོད་རང་དབང་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གལ་སྲིད་འགྲོ་བ་མིའི་སྨྲ་བརྗོད་རང་དབང་བཙན་འཕྲོག་བྱས་ཚེ། གཞི་རྩའི་ཐོབ་ཐང་གཞན་དག་རང་བཞིན་གྱིས་ལོངས་སུ་སྤྱོད་ཐབས་མེད་པར་འགྱུར་ངེས་ཡིན་”ཞེས་འཁོད་འདུག
གསལ་བསྒྲགས་དེའི་ནང་བོད་ནང་གི་རྩོམ་པ་པོའི་ཐོབ་ཐང་སྐོར་འཁོད་དོན། “ཉེ་བའི་ལོ་འགའི་རིང་རྒྱ་གཞུང་གིས་སྔར་ལས་ལྷག་པར། བོད་ནང་གི་རྩོམ་པ་པོ་མང་པོ་སྔ་ཕྱིར་འཇུ་བཟུང་བཀག་ཉར་དང་ཁྲིམས་གཅོད་བཙོན་འཇུག་སོགས་བྱས་ཏེ། ཁོང་ཚོའི་རྩོམ་འབྲི་རང་དབང་བཙན་འཕྲོག་བྱེད་བཞིན་ཡོད། རྩོམ་པ་པོ་དེ་དག་གིས་རྩོམ་ཡིག་གི་ལམ་ནས་བོད་ནང་གི་དངོས་ཡོད་དཀའ་སྡུག་གནས་སྟངས་དང་། བོད་མིའི་བསམ་འདུན་མཐའ་དག་གསལ་འདོན་བྱེད་བཞིན་ཡོད་སྟབས། དེ་ནི་རྩོམ་པ་པོ་མི་སྒེར་གྱི་རྩོམ་འབྲིའི་རང་དབང་བཙན་འཕྲོག་བྱས་པ་ཙམ་མ་ཡིན་པར། བོད་མི་ས་ཡ་དྲུག་གི་སྨྲ་བརྗོད་རང་དབང་བཙན་འཕྲོག་བྱས་པ་དང་གཅིག་མཚུངས་ཆགས་ཡོད་”ཅེས་འཁོད་འདུག
གཞོན་ལྷན་དབུས་རྒྱུན་ཟུར་པ་ཤེས་རབ་འོད་ཟེར་གྱིས་བགྲོ་གླེང་གཙོ་སྐྱོང་འོག ཐའེ་ཝན་དོན་གཅོད་ཟུར་པ་ཟླ་བ་ཚེ་རིང་གིས་བོད་ནང་གི་ད་ལྟ་ཆབ་སྲིད་གནས་བབས་དང་འབྲེལ་ནས་དེབ་ཀྱི་བརྗོད་དོན་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། སྤྱིར་བཏང་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། རང་དབང། ཞི་བདེ་ཟེར་བ་དེ་ཚོ་ཚང་མའི་ཁ་ལ་གོམས་བསྡད་ཡོད་པ་མ་ཟད། ཚང་མས་གནད་དོན་ག་རེ་བྱུང་ཡང་མང་གཙོ་རེད་ཟེར་བ་དང་། རང་དབང་རེད་ཟེར་ནས་ག་རེ་འདོད་འདོད་ཡིན་པ་འདྲ་ཁ་ལ་གོམས་ཡོད་སྐོར་དང་། མང་གཙོ་དང་རང་དབང་དེ་རིག་པའི་གཞུང་ལུགས་ཐོག་ནས་ག་འདྲ་བྱུང་མིན་རྒྱ་ཡིག་དང་བྱིན་ཡིག་ཐོག་མང་པོ་ཡོད་ཀྱང་། བོད་ཡིག་ཐོག་དཀོན་པོ་ཡིན་པ་མ་ཟད། མང་གཙོ་དང་རང་དབང་རིག་པའི་གཞུང་ལུགས་ཐོག་ནས་བསྒྲུབས་པའི་བོད་ཡིག་དེབ་དང་པོ་འདྲ་འདི་ཡིན་པ་དང་། ཐོབ་ཐང་དང་འགན་དབང་དེ་ཚོ་རིག་པའི་གཞུང་ལུགས་ཐོག་ནས་བསྒྲུབས་ཡོད་སྐོར། རང་དབང་དང་མང་གཙོ་ལ་ཚད་འཛིན་ས་ཡོད་དགོས་སྐོར་འགྲེལ་བརྗོད་བྱས་སོང་།
དེ་བཞིན་ཟླ་བ་ཚེ་རིང་གིས་མུ་མཐུད་དེབ་དེའི་དམིགས་བསལ་ཁྱད་ཆོས་དང་འབྲེལ་ནས་གསུང་དོན། དེབ་དེའི་ནང་དོན་ནང་ཆོས་ཀྱི་ཐོག་ནས་རང་དབང་དང་མི་ཆོས་རིང་ལུགས་ཀྱི་རང་དབང་དབྱེ་མཚམས་ཕྱེས་ཏེ་བྲིས་ཡོད་སྐོར་དང་། དེབ་དེར་“བསྟུན་རྒོལ་”ཞེས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལ་བསྟུན་དགོས་པ་དང་། རྒྱ་ནག་གི་རྩ་ཁྲིམས་ལ་ཡང་བསྟུན་དགོས་ནའང་། ཁྲིམས་མཐུན་མ་ཡིན་པའི་ཁྲིམས་ལ་ངོ་རྒོལ་བྱེད་དགོས་པ་དང་། མི་མང་གི་ཁེ་ཕན་དང་རང་དབང་དེ་ཚོ་སྲུང་སྐྱོབ་བྱེད་པའི་ཁྲིམས་ལ་བསྟུན་དགོས་པ་དང་། བཙན་དབང་བྱེད་ཐབས་ཀྱི་ཁྲིམས་དེ་ཚོ་ཁྲིམས་མཐུན་མ་ཡིན་པས་ངོ་རྒོལ་དགོས་པ། རྒྱ་ནག་གི་རྩ་ཁྲིམས་དེ་ནུས་མེད་ཀྱི་ཁྲིམས་ཡིན་པ། བོད་ནང་གི་ཆབ་སྲིད་ཀྱི་གནས་བབས་དང་། ཁྲིམས་མཐུན་མེད་པའི་གནས་སྟངས། བོད་ནང་ཁྲིམས་གཏུགས་བྱེད་ས་མེད་སྐོར་འགྲེལ་བརྗོད་བྱས་ཡོད་སྐོར་ཁོང་གིས་ངོ་སྤྲོད་བྱས་སོང།
དེ་བཞིན་དེབ་དེའི་ནང་བོད་ནང་གི་ངོ་རྒོལ་བྱེད་པ་དེ་ལུགས་མཐུན་སྐོར་བྲིས་ཡོད་སྐོར་དང་འབྲེལ་ཟླ་བ་ཚེ་རིང་གིས་གསུང་དོན། “དེབ་དེ་ཚང་མས་བཀླགས་ན་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་དང་། མ་འོངས་བོད་ཀྱི་འཛུགས་སྐྲུན་སྐོར་ལ་ནུས་པ་ཐོན་ཐུབ་པ་མ་ཟད། མི་རིགས་ཚད་མཐོ་རུ་འགྲོ་བ་དང་། ཨུ་ཐུག་ཐབས་ཟད་ཀྱི་ངོ་རྒོལ་ཞིག་མིན་པ་གསལ་པོ་ཆགས་རྒྱུར་ཕན་ཐོགས་གི་རེད་”ཅེས་གསུངས་སོང་།
ཏཱ་ལའི་བླ་མ་མཐོ་སློབ་ཀྱི་དགེ་རྒན་ཨ་འབྲུག་དཀོན་མཆོག་གིས་ཉེ་རབས་བོད་ནང་གི་རྩོམ་པ་པོའི་བསམ་བློ་འཕེལ་རིམ་དང་འབྲེལ་ནས་དེབ་ཀྱི་བརྗོད་དོན་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། “དྷི་ལྷ་ལྡན་གྱི་རྩོམ་དེབ་དེ་ཚད་གཞི་མཐོན་པོ་ཡོད་པ་དང་། དེ་བོད་ནང་གི་རྩོམ་པ་པོའི་བསམ་བློ་དང་འཕེལ་རིམ་འགྱུར་ལྡོག་གི་རྒྱབ་ལྗོངས་ངེས་ཅན་ཞིག་གི་འོག་ནས་བྱུང་བ་ཡིན་པ་ལས། ཁོང་ཁེར་རྐྱང་གཅིག་པུར་སླེབས་པ་མ་རེད་”ཅེས་དང་། བོད་རྒྱ་ནག་གི་འོག་ཏུ་ཤོར་ནས་བོད་ནང་༡༩༥༩ ལོ་ནས་༡༩༧༩ ལོའི་བར་བོད་ཀྱི་རྩོམ་རིག་དེ་མུན་ནག་གི་དུས་རབས་ཤིག་རེད་ལ། དེའི་ནང་བོད་མི་ཞིག་གིས་རང་དབང་གིས་བརྩམས་པའི་བརྩམས་ཆོས་གཅིག་ཀྱང་བྱུང་མེད་སྐོར་དང་། དེ་རྗེས་བོད་ཡིག་གི་རྩོམ་ཡིག་སྤེལ་འགོ་བཙུགས་ཡོད་ནའང་། རྒྱ་ནག་གི་ཆབ་སྲིད་ལམ་ལུགས་དང་སྤྱི་ཚོགས་ཀྱི་འགྱུར་ལྡོག་ལ་བསྟོད་པ་དང་། བོད་ཀྱི་སྤྱི་ཚོགས་རྙིང་པ་ལ་སྐྱོན་བརྗོད་བྱེད་པ་ལས། རྩོམ་ཡིག་གི་ཁ་ཕྱོགས་རང་དབང་མེད་སྐོར་འགྲེལ་བརྗོད་བྱས་སོང་།
ཨ་འབྲུག་དཀོན་མཆོག་གིས་མུ་མཐུད་གསུང་དོན། ༡༩༨༠ ཙམ་ནས་རྒྱ་ནག་གི་འོག་བོད་ཀྱི་རིག་གཞུང་གོམས་གཤིས་ལ་གཏོར་སྐྱོན་ཐེབས་པའི་སྐོར་འབྲི་འགོ་བརྩམས་པ་དང་། རྒྱ་ནག་གི་མགྲིན་ཚབ་པ་ལྟ་བུ་དང་། བོད་ཀྱི་གནའ་རབས་རིག་གཞུང་གལ་ཆེན་དུ་བརྩི་མཁན། ད་ལྟ་སྤྱི་ཚོགས་ཀྱི་དཀའ་ངལ་བཅས་བཤད་མཁན་བཅས་རྩོམ་པ་པོ་ཁ་ཕྱོགས་འཛིན་མཁན་མི་འདྲ་སྡེ་ཚན་གསུམ་བྱུང་ཡོད་སྐོར་དང་། ད་ལྟའི་ཆར་བོད་ཀྱི་གནད་དོན་སྐོར་འབྲི་རྒྱུ་དང་དེའི་ཤུགས་རྐྱེན་ཡར་རྒྱས་ཤུགས་ཆེན་འགྲོ་ཡི་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་ཀྱིས་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་དང་འབྲེལ་ནས་དེབ་ཀྱི་བརྗོད་དོན་གླེང་རྒྱུ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། “རྩོམ་པ་པོ་དྷི་ལྷ་ལྡན་གྱིས་འགྲོ་བ་མིའི་ཐོབ་ཐང་དེ་བཤད་སྐབས། གསར་བརྗེའི་བསམ་བློ་ཡོད་པས། གནད་འགག་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་ཀྱི་སྔོན་གླེང་དེ་འཇུས་ཡོད་པ་རེད་”ཅེས་དང་། རྩོམ་པ་པོས་འགྲོ་བ་མིའི་ཐོབ་ཐང་གཞི་འཇོག་ས་དེ་མིའི་ཆེ་མཐོང་དང་། འདྲ་མཉམ། ཐོབ་ཐང་། རང་དབང་དང་འབྲེལ་ཡོད་པ་དང་། རང་དབང་ནི་རང་བཞིན་ལྷན་སྐྱེས་ཀྱི་ཡོད་པ་དང་། བླ་མ་དང་དཀོན་མཆོག་གིས་གནང་བ་ཞིག་མིན་སྐོར། དབང་འཛིན་མི་སྣས་གནང་རྒྱུ་མིན་སྐོར་བྲིས་ཡོད་པ་དང་། དེ་ཡང་སྔོན་མ་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་ཨ་རི་དང་། ཧྥ་རན་སི་སོགས་ཀྱི་མཁས་དབང་མང་པོ་ལུང་འདྲེན་བྱས་ཡོད་སྐོར་དང་། ཨ་རིའི་རང་བཙན་གསལ་བསྒྲགས་ཡིག་ཆ་དང་། ཧྥ་རིན་སིའི་གསར་བརྗེ་སྐོར་ལ་ཞིབ་འཇུག་བྱས་ཡོད་སྐོར་དང། ཁོང་གིས་བོད་ནང་གི་རྩོམ་པ་པོའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་སོགས་འགྲེལ་བརྗོད་བྱས་སོང་།
དྷི་ལྷ་ལྡན་ནི་བོད་ནང་གནས་སྡོད་རྩོམ་པ་པོ་ཞིག་ཡིན་ལ། ད་ལྟའི་ཆར་རྒྱ་གཞུང་གི་སུན་གཙེར་ལྟ་རྟོགས་འོག་བྲོས་ཡུབ་ཀྱིས་འཚོ་དགོས་ཆགས་ཡོད། དེ་སྔོན་ཁོང་གིས་བོད་ནང་གི་གནས་སྟངས་སྐོར་ལ་བྲིས་པའི་རྩོམ་དེབ་ཐོག་མ <<ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ>> ཞེས་པ་དེ། ༢༠༡༢ ལོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་པར་འགྲེམས་བྱས་ཡོད་པ་རེད།
<<བསྟུན་རྒོལ་ཁྲིམས་གཏུགས>> ཞེས་པའི་དེབ་ནང་། རྩོམ་པ་པོ་ཁོང་གིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་དང་། རྒྱལ་སྤྱིའི་ཁྲིམས་ལུགས། རྒྱ་གཞུང་གི་རྩ་ཁྲིམས་བཅས་ཀྱི་གཏན་འབེབས་དང་ཡོངས་སུ་བསྟུན་པའི་སྒོ་ནས། རྒྱ་གཞུང་གི་སྒེར་གཅོད་སྲིད་ཇུས་ཀྱི་ལོག་སྤྱོད་ཐེར་འདོན་བྱས་ཡོད་པ་མ་ཟད། ཞི་བདེ་དང་རང་དབང་། འདྲ་མཉམ། མང་གཙོ་བཅས་འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་གཞི་རྩར་བཟུང་སྟེ། རྒྱ་གཞུང་གི་མི་སེར་སྤེལ་བའི་དབང་སྒྱུར་འོག་གནས་པའི་ད་ལྟའི་བོད་ནང་ཛ་དྲག་གནས་སྟངས་སྐོར་གསལ་འདོན་བྱས་ཡོད་པ་རེད།
དེབ་དེའི་སྔོན་གླེང་ནང་རྒྱ་བོད་འབྲེལ་ལམ་སྐོར་འཁོད་དོན། ༡༩༥༡ ལོར་ཞི་འགྲིག་ཡོང་རེས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་བསྟུན་པར་བྱས་ཀྱང་བཟང་འབྲས་གང་ཡང་མ་ཐོན་པར་༡༩༥༩་ལོའི་དོན་རྐྱེན་བྱུང་བ་དང་། ༡༩༧༩ ལོར་“རང་བཙན་ཕུད་ཤུལ་ཅི་ཡང་གླེང་ཆོག་”ཅེས་པར་བསྟུན་ཏེ་གཉིས་སྨན་དབུ་མའི་ལམ་ཚུལ་བཏོན་པར་བྱས་ཀྱང་། གྲུབ་འབྲས་མ་བྱུང་བ་དེས་༡༩༨༧ ལོའི་དོན་རྐྱེན་བྱུང་བ་དང་། ༢༠༠༨ ལོར་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་སོགས་ལ་གཞུང་གིས་དང་ལེན་མ་བྱས་པ་དེས། ལོ་ཟླ་འདི་དག་གི་འཇིགས་སུ་རུང་བའི་མེར་བསྲེགས་ཀྱི་དོན་རྐྱེན་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་ལྟ་བུའོ། ད་དུང་འདི་ལྟར་མུ་རུ་སོང་ན་གཞུང་དམངས་གཉིས་ནི་ནམ་ཡང་འདུམ་ཐབས་བྲལ་བའི་མེ་དང་ཆུ་རུ་འགྱུར་སྲིད་ལ། རྒྱལ་ཁོངས་འདི་ཡང་བདེ་འཇགས་མེད་པའི་འཇིགས་རུང་གི་གཡུལ་ས་ཞིག་ཏུ་འགྱུར་ཉེན་ཤིན་ཏུ་ཆེ་ཞེས་སོགས་འཁོད་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།