གསེར་རྟ་རྫོང་ཐོག་ཏུ་བོད་མི་ཞི་རྒོལ་བ་ཞིག་རྒྱ་གཞུང་གིས་འཇུ་བཟུང་།
ཟླ་འདིའི་ཚེས་༡༦ ཉིན་ཁམས་དཀར་མཛེས་ཁུལ། གསེར་རྟ་རྫོང་། གསེར་རྟའི་ཉེ་འགྲམ་གྱི་ཁྲོམ་གཞུང་དུ་བོད་མི་རྡོ་རིས་ཀྱིས་རླུང་རྟ་གཏོར་བཞིན་རྒྱ་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་ཏེ། རྒྱ་ནག་གི་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག
བོད་ནས་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་འགྲེལ་བརྗོད་བྱས་པ་ལྟར་ན། རྡོ་རིས་ཀྱིས་ངོ་རྒོལ་སྐབས་རླུང་རྟ་གཏོར་དང་། བོད་ལ་རང་དབང་ཐོབ་པར་ཤོག་ཅེས་སྐད་འབོད་བྱས་ཡོད་འདུག རྒྱ་ནག་གི་ཉེན་རྟོག་པས་ཁོང་གི་སྐྲ་ལ་འཇུས་ནས་བཙན་ཁྲིད་བྱས་ཡོད་འདུག སྐབས་དེར་བོད་མི་ཁག་ཅིག་གིས་ཀི་བཏབ་སྟེ། འགོག་ཐབས་ཅུང་བྱས་ཡོད་ནའང་། ཕན་ཐོགས་བྱུང་མེད་འདུག
ཁོང་ནི་ཁམས་གསེར་རྟ་རྫོང་ཧོར་ཤུལ་ཡུལ་ཚོ་ནས་ཡིན་པ་དང་། སྔོན་མ་གནུབས་ཟུར་དགོན་པའི་གྲྭ་པ་བྱེད་མྱོང་ཡོད་འདུག ད་ལྟ་གསེར་རྟ་སྒར་དུ་ཚོང་ལས་གཉེར་ནས་བསྡད་ཡོད་པ་དང་། ཁོང་གི་མ་མིང་ལ་རིག་མཚོ་ཟེར་གྱི་ཡོད་འདུག
བོད་ནས་མི་གཞན་ཞིག་གིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། རྒྱ་ནག་སྲིད་གཞུང་གིས་བོད་མི་མང་ལ་བརྙེས་བཅོས་དང་། ཚད་ལས་བརྒལ་བའི་བཙན་གནོན་དང་དབང་བསྒྱུར་བྱེད་ཀྱི་ཡོད་པས། ཁོང་གིས་རང་སྲོག་ལ་མ་འཛེམས་པར་དེ་ལ་ངོ་རྒོལ་བྱས་པ་ཞིག་ཡིན་འདུག
ཁོང་གི་མིང་ལ་ཡོངས་གྲགས་སུ་རྡོ་རིས་ཟེར་གྱི་ཡོད་ནའང་། སྐད་འཕྲིན་ཁག་ཅིག་གི་ནང་རྡོ་རྗེ་རིན་ཆེན་ཞེས་བྲིས་འདུག
གསར་འགོད་པ་ཆོས་ཉིད་འོད་ཟེར།