སྤྲུལ་སྐུའི་ལམ་ལུགས་སྐོར་གྱི་བསམ་གཞིག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༠༡  ཕྱི་ལོ་ ༢༠༡༤/༧/༣༠
བོད་པའི་ལོ་རྒྱུས་ནང་སྤྲུལ་སྐུའི་སྐོར་བརྗོད་ཡོང་དུས་སྤྲུལ་སྐུའི་ཐོག་མ་རྒྱལ་དབང་ཀརྨ་པ་ཡིན་པ་ཡོངས་གྲགས་སུ་གྱུར་ཡོད་པ་དང། ད་ལྟའི་ཡང་སྲིད་ལམ་ལུགས་ཀྱི་གནས་སྟངས་འདིའི་ཐོག་ནས་བལྟས་ན་དུས་རབས་བཅུ་གསུམ་པའི་སྟོད་དུ་ཀརྨ་པ་སྐུ་ཕྲེང་གཉིས་པ་ཀརྨ་པཀྴི་བོད་ཀྱི་སྤྲུལ་སྐུའི་ཐོག་མ་ཡིན་པའང་སྨྲོས་མེད་དུ་གྱུར་ཡོད། འོན་ཀྱང་སྐུ་གོང་མ་ཞིག་གི་རྣམ་སྤྲུལ་ལམ་སྐྱེ་བ་ཡིན་པ་ངོས་འཛིན་བྱས་པ་ཁོ་ནའི་ཐོག་ནས་བཤད་ན། དུས་རབས་བདུན་པའི་ནང་གུ་རུ་རིན་པོ་ཆེ་བོད་དུ་ཕེབས་དུས་ནས་བཅོམ་ལྡན་འདས་ཀྱི་ཉེ་གནས་ཀུན་དགའ་བོའི་རྣམ་སྤྲུལ་བཻ་རོ་ཙ་ན་ཡིན་པ་གུ་རུ་རིན་པོ་ཆེས་ངོས་འཛིན་དང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་འཚོལ་དུ་ཕེབས་ནས་རྩད་གཅོད་ཐུབ་པའི་ལོ་རྒྱུས་བྱུང་ཡོད་ལ། བཻ་རོ་ཙ་ན་དང་མཉམ་དུ་རྒྱ་གར་དུ་བསྐྱོད་པའི་ལམ་གྲོགས་གཙང་བན་ལེགས་གྲུབ་ཀྱི་རྣམ་སྤྲུལ་རྒྱལ་མོ་གཡུ་སྒྲ་སྙིང་པོ་ཡིན་པ་བཻ་རོ་ཙ་ནས་ངོས་འཛིན་གནང་བའི་ལོ་རྒྱུས་ཀྱང་གསལ་པོ་ཡོད། གནས་སྟངས་འདིའི་ཐོག་ནས་བཤད་ན་ངོས་འཛིན་བྱེད་སྟངས་ཅུང་མ་འདྲ་བ་ཞིག་ཏུ་གྱུར་ཡོད།

ད་ལྟའི་དུས་འདིར་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་མཇུག་སྡོམ་རྒྱག་དགོས་པའི་དུས་ལ་སླེབས་ཡོད་ཚུལ་བརྗོད་མཁན་མང་པོ་ཡོང་གི་ཡོད་པ་དང། ལོ་རྒྱུས་ཀྱི་ཐོག་ནས་སྐད་གྲགས་ཡོད་པའི་བླ་སྤྲུལ་སྐྱེས་ཆེན་དེ་འདྲས་ཀྱང་སྤྲུལ་སྐུའི་ལམ་ལུགས་ལ་མཇུག་སྡོམ་རྒྱག་དགོས་པའི་དུས་ལ་སླེབས་ཡོད་ཚུལ་བརྗོད་མཁན་བྱུང་ཡོད། འོན་ཀྱང་སྤྲུལ་སྐུའི་ལམ་ལུགས་འདི་ཉིད་ལ་མཇུག་སྡོམ་རྒྱག་དང་མི་རྒྱག་མི་རེ་ཟུང་གི་བསམ་ཚུལ་ལ་བརྟེན་ནས་ཐག་གཅོད་ཡོང་ཐུབ་པ་ཞིག་གཏན་ནས་མིན་ལ། མི་ཁག་ཅིག་གིས་སྒྲིག་འཛུགས་བྱས་ནས་ཐག་གཅོད་བྱས་པ་ཙམ་གྱིས་ཀྱང་མཇུག་སྡོམ་རྒྱག་ཐུབ་པ་ཞིག་མིན། བོད་པ་མི་རེ་ངོ་རེ་བཞིན་སྤྲུལ་སྐུའི་ལམ་ལུགས་ལ་འདོད་མོས་མེད་པར་འགྱུར་རྒྱུར་ད་དུང་དུས་ཡུན་རིང་པོ་འགོར་ངེས་པ་དང། ད་བར་བོད་པའི་སྤྱི་ཚོགས་ནང་སྤྲུལ་སྐུའི་ལམ་ལུགས་ཀྱིས་གོ་ས་ངེས་ཅན་ཞིག་བཟུང་ཡོད་ལ། ཆོས་སྲིད་གཉིས་ཐད་ནས་བཟང་ཕྱོགས་དང་ངན་ཕྱོགས་གཉིས་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད།

སྤྲུལ་སྐུ་ཞེས་པ་ཆོས་ཕྱོགས་ཀྱི་མི་སྣ་ཞིག་ཡིན་ཡང་བོད་པའི་ཆབ་སྲིད་ལམ་ལུགས་ནང་སྤྲུལ་སྐུའི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད་པ་དང། དཔེར་ན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་འདི་ཉིད་དགུང་གྲངས་༡༦ ལས་སོན་མེད་ཀྱང། ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྤྲུལ་སྐུ་ཡིན་པའི་རྒྱུ་མཚན་གྱིས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་མཛད་འགན་བཞེས་དགོས་བྱུང་བ་ལྟ་བུ་རེད། གཞན་སྤྲུལ་སྐུའི་མཚན་གནས་མེད་པའི་བྱིས་པ་ལོ་༡༦ ཅན་ཞིག་ལ་ཛ་དྲག་གཉན་འཕྲང་གི་སྐབས་དེ་ལྟ་བུ་ཞིག་ཏུ་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་འགན་དབང་སྐུར་དགོས་པའི་བསམ་ཚུལ་དེ་མི་སུ་གཅིག་གི་སེམས་ལ་དྲན་མི་སྲིད་པ་ཞིག་རེད། དེར་བརྟེན་སྤྲུལ་སྐུར་ངོས་འཛིན་གནང་ཟིན་རྗེས་བྱིས་པ་ལོ་གཉིས་གསུམ་ཙམ་ལས་མིན་ཡང་གཞན་དང་མི་འདྲ་བར་རང་བཞིན་གྱིས་སྤྱི་ཚོགས་ནང་ཤུགས་རྐྱེན་དང་སྟོབས་ཤུགས་ཆེན་པོ་ཡོད་པ་དང། གནའ་སྔོན་མ་ཡིན་ན་དགེ་རྒན་སོགས་སློབ་སྦྱོང་གི་མཐུན་རྐྱེན་ཡང་གྲྭ་རྐྱང་དཀྱུས་མ་ཞིག་དང་བསྡུར་ཐབས་མེད་པར་སྤྲུལ་སྐུ་ཕལ་མོ་ཆེ་སློབ་སྦྱོང་གི་ཐོག་ནས་ཀྱང་མི་འདྲ་བ་ཞིག་བྱུང་ཡོད་པ་ནི་སྨྲོས་མེད་རེད།

ད་དུང་ཡང་མུ་མཐུད་རྒྱུན་རིང་པོར་བོད་པའི་སེམས་ངོར་སྤྲུལ་སྐུའི་ཤུགས་རྐྱེན་ཆུང་དུ་འགྲོ་མི་སྲིད་ལ། ཤུགས་རྐྱེན་ཆུང་དུ་མ་སོང་བ་དེ་སྲིད་དུ་སྤྲུལ་སྐུའི་ལམ་ལུགས་འདི་ཉིད་ཀྱང་མཇུག་སྡོམ་རྒྱག་མི་ཐུབ་པ་ཧ་ཅང་གསལ་པོ་རེད། བོད་མི་མང་ཆེ་བའི་སེམས་ངོར་སྤྲུལ་སྐུ་ཞེས་པ་མཚན་དོན་དང་མཐུན་པ་ཁམས་གསུམ་སེམས་ཅན་གྱི་དོན་དུ་བསམ་བཞིན་སྤྲུལ་པའི་རོལ་གར་བསྒྱུར་བ་ཞིག་ཏུ་ངོས་འཛིན་དང་དད་པ་བྱེད་བཞིན་ཡོད། དད་པ་དང་ཡིད་ཆེས་དེ་རྩ་བརླག་ཏུ་གྱུར་པའི་ཉིན་མོ་ནས་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་དེ་མཇུག་རང་བཞིན་གྱིས་རྫོགས་འགྲོ་བ་ཞིག་རེད། སྤྲུལ་སྐུ་ཆེ་ཁག་རེ་ཟུང་ཞིག་དགོས་པ་ལས་གཞན་རྣམས་མི་དགོས་པའི་བསམ་ཚུལ་བརྗོད་མཁན་ཡོད་ཀྱང། དོན་དུ་དེ་ཡང་ཡོང་ཐབས་མེད་པར་ཆེ་ས་ནས་བོད་སྤྱི་ལ་སྤྲུལ་སྐུ་ཆེ་བ་དེ་ཚོ་གལ་ཆེ་བ་ནང་བཞིན། ཆུང་ས་ནས་དགོན་པ་ཆུང་ཁག་དང་ཡུལ་སྡེ་ཆུང་ཁག་ལ་རང་རང་སོ་སོའི་སྤྲུལ་སྐུ་དག་ལ་ཡིད་ཆེས་དང་རེ་བ་ཆེན་པོ་ཡོད་པ་དེ་སྨྲོས་མེད་རེད། དེར་བརྟེན་སྤྲུལ་སྐུ་ཆེན་པོ་དགོས་པ་དང་ཆུང་ཆུང་མི་དགོས་པའི་བསམ་ཚུལ་དེ་ཡང་ཡོང་མི་སྲིད་པ་ཞིག་རེད།

མདོར་ན་དེང་སྐབས་སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་དེ་ཧ་ཅང་འཆོལ་ཉོག་ཅན་དུ་གྱུར་ཡོད་པ་དང། བླ་མ་གཅིག་གིས་ཕྲུ་གུ་གཅིག་སྔ་རྗེས་སུ་བླ་མ་གཉིས་ཀྱི་སྤྲུལ་སྐུ་རུ་ངོས་འཛིན་གནང་བ་དང། བླ་མ་རང་ངོས་ནས་འདའ་ཁ་ང་ལ་སྤྲུལ་སྐུ་ངོས་འཛིན་མི་དགོས་ཞེས་བཀའ་ནན་གནང་བ་དེ་དག་གི་ཡང་སྲིད་ཀྱང་ངོས་འཛིན་གནང་བ་ལྟ་བུ། དེ་བཞིན་བླ་མ་གཅིག་ལ་སྤྲུལ་སྐུ་གཉིས་རེ་ངོས་འཛིན་བྱས་ནས་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཆེན་པོ་ཡོད་པ་ནི་སྤྱི་ཚོགས་ཀྱི་དཀའ་ངལ་ཆེན་པོར་གྱུར་ཡོད། དེར་བརྟེན་ལམ་ལུགས་འདི་ཉིད་ནི་དཔལ་འབྱོར་གྱི་ཐོག་ནས་ཁེ་ཕན་རང་བཞིན་དང། ཆབ་སྲིད་ཀྱི་ཐོག་ནས་དབང་བསྒྱུར་རང་བཞིན་ཞིག་ཏུ་ངོས་འཛིན་བྱེད་མཁན་ཡང་ཡོང་གི་ཡོད་ལ། དེ་ལ་བརྟེན་ནས་སྤྲུལ་སྐུ་མང་ནས་མང་དུ་འགྲོ་བཞིན་ཡོད། ཕྱོགས་གཅིག་ནས་བྱེད་སྟངས་འདི་དག་སྤྲུལ་སྐུའི་ལམ་ལུགས་ལ་རྫོགས་ཚིག་འགོད་པའི་སྐུལ་མ་ཞིག་ཏུ་འགྱུར་སྲིད་པ་དང། དེ་ལས་གཞན་སྤྲུལ་སྐུའི་ལམ་ལུགས་འདི་དགོས་ཀྱི་མི་འདུག་ཅེས་བརྗོད་ནས་མེད་པ་ཆགས་མི་ཐུབ་པ་དང། སྤྲུལ་སྐུའི་མཐོང་དང་ཆ་འཇོག་བོད་པའི་སྤྱི་ཚོགས་ནང་བརླགས་ཟིན་པའི་རྗེས་སུ་ལམ་ལུགས་དེ་དགོས་ཞེས་བརྗོད་ཀྱང་གནས་མི་ཐུབ་པ་ཞིག་རེད།།