སྦེལ་རྗམ་དུ་བོད་པའི་དཀའ་ངལ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༩༩ ཕྱི་ལོ་ ༢༠༡༤/༧/༡༦
ཕྱི་ལོ་༡༩༥༩ ལོར་༧གོང་ས་མཆོག་གིས་དབུས་བོད་མི་མང་པོ་ཞིག་རྒྱ་བལ་འབྲུག་གསུམ་ཁུལ་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང། དེ་ནས་བཟུང་རིམ་བཞིན་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུའང་སྔ་རྗེས་སྐྱབས་བཅོལ་དུ་འགྲོ་མཁན་མང་པོ་བྱུང་ཡོད་ལ། ད་ལྟའི་ཆར་ནུབ་ཕྱོགས་ཀྱི་ཡར་རྒྱས་ཆེ་བའི་ཡུལ་གྲུ་ཕལ་མོ་ཆེའི་ནང་དུ་བོད་རིགས་མེད་ས་ཞིག་མེད་པ་ལྟ་བུར་གྱུར་ཡོད། གཙོ་ཆེ་ཤོས་ཨ་རི་དང་ཁེ་ན་ཌ། ཡུ་རོབ་ཀྱི་རྒྱལ་ཁབ་སོགས་སུ་བོད་མི་མང་པོ་ཞིག་སྔ་རྗེས་སུ་སླེབས་ཟིན་པ་དང། བོད་མི་མི་ཉུང་བ་ཞིག་ལ་དཔལ་འབྱོར་གྱི་གནས་བབས་ཐོག་ནས་ཀྱང་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་གསལ་པོར་གྱུར་ཡོད། འདས་པའི་ལོ་ཁ་ཤས་སྔོན་ཡུ་རོབ་ཀྱི་ནང་ནས་སྐྱབས་བཅོལ་གྱི་ཡིག་ཆ་རག་བདེ་ཤོས་ལྟ་བུ་སྦེལ་རྗམ་རྒྱལ་ཁབ་ཡིན་པ་དང། དེ་ཡང་གཙོ་ཆེ་ཤོས་བོད་ནས་སླེབས་པ་དེ་དངོས་ཡོད་བདེན་པ་ཡིན་པ་ར་སྤྲོད་གསལ་པོ་བྱུང་ཡོད་ན་ཐོག་མ་རྒྱ་གར་དུ་འབྱོར་བ་ཞིག་ཡིན་ཡང། སྦེལ་རྗམ་དུ་སྐྱབས་བཅོལ་བའི་ཐོབ་ཐང་གནང་གི་ཡོད་པ་དེ་ཡུལ་གྲུ་གཞན་དང་བསྡུར་ན་དམིགས་བསལ་ལྟ་བུར་གྱུར་འདུག
དེར་བརྟེན་བོད་ནས་གསར་དུ་འབྱོར་བ་མང་པོ་ཞིག་གིས་རང་ཉིད་ཀྱི་ལོ་རྒྱུས་ངོ་མ་གང་ཡིན་པ་དེ་སྦས་གསང་མེད་པར་གསལ་བརྗོད་བྱས་ཡོད་པ་དང། བོད་ནས་འབྱོར་མཁན་མང་པོ་ཞིག་ཀྱང་སྦེལ་རྗམ་དུ་འགྲོ་ཐུབ་པར་འབད་བརྩོན་བྱས་ཡོད་པ་རེད། འོན་ཀྱང་ལོ་སྔོན་མའི་ཕྱི་ཟླ་༩ པ་ནས་སྦེལ་རྗམ་ལ་སྐྱབས་བཅོལ་དུ་ཡོང་བའི་བོད་མི་མང་པོ་ཞིག་ལ་སྐྱབས་བཅོལ་གྱི་ཐོབ་ཐང་མ་གནང་བར་དཀའ་ངལ་ཆེན་པོ་འཕྲད་འགོ་ཚུགས་ཡོད། གནད་དོན་དེ་ནི་སྦེལ་རྗམ་གཞུང་གི་སྐྱབས་བཅོལ་ལས་ཁུངས་ཀྱི་ཁྲིམས་ལ་འགྱུར་བ་ཐེབས་པ་དང་། བོད་མི་སྐྱབས་བཅོལ་བ་ཚོར་རྒྱ་གར་དུ་དཀའ་ངལ་མེད་པ། རྒྱ་གར་གཞུང་གིས་བོད་མི་སྐྱབས་བཅོལ་བ་ཚོར་སྲུང་སྐྱོབ་ཡག་པོ་ཡོད་པ་སོགས་རྒྱུ་མཚན་དུ་དྲངས་ཡོད་འདུག དེར་བརྟེན་བོད་མི་སྐྱབས་བཅོལ་བའི་ཐོབ་ཐང་མ་རག་པ་དེ་དག་ལ་དམིགས་བསལ་གྱིས་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པ་དང། དཀའ་ངལ་དེ་སེལ་བའི་ཐབས་ཤེས་ག་འདྲ་ཞིག་བྱེད་དགོས་མིན་དེའི་འགན་ཁུར་གཙོ་བོ་བོད་མིའི་སྒྲིག་འཛུགས་ལ་ཡོད་པ་ཧ་ཅང་གསལ་པོར་གྱུར་ཡོད།
རྒྱ་གར་ལ་བོད་ནས་གསར་དུ་འབྱོར་བ་རྣམས་ལ་ད་བར་རྒྱ་གར་གཞུང་གིས་དཀའ་ངལ་ཆེན་པོ་སྤྲད་པ་ཞིག་གཏན་ནས་མེད་ཀྱང། དོན་དངོས་སུ་བོད་ནས་གསར་དུ་འབྱོར་བ་ཙམ་དུ་མ་ཟད། རྒྱ་གར་དུ་སྐྱེས་འཚར་བྱུང་བའི་བོད་མི་རྣམས་ལའང་སྐུ་མགྲོན་ཙམ་ལས་རྒྱ་གར་གཞུང་གིས་སྔར་ནས་ད་བར་ཁྲིམས་དང་ལག་ལེན་གཉིས་ཐད་ནས་སྐྱབས་བཅོལ་བ་ཞིག་ཏུ་ངོས་ལེན་གཏན་ནས་གནང་མྱོང་མེད། དེ་ཡང་གཙོ་བོ་རྒྱ་གར་གཞུང་གིས་རྒྱལ་སྤྱིའི་སྐྱབས་བཅོལ་གྱི་ཁྲིམས་ཡིག་ལ་མཚན་རྟགས་བརྒྱབ་མེད་པ་དང། རྒྱ་གར་གཞུང་ལ་སྐྱབས་བཅོལ་བའི་ཐད་ནས་དམིགས་བསལ་ཁྲིམས་ཡིག་གང་ཡང་མེད་པར་འཛིན་སྐྱོང་གི་ཐག་གཅོད་ཙམ་ཞིག་གི་འོག་ནས་གཟིགས་རྟོག་གནང་གི་ཡོད་པ་རེད། ཕྱིས་སུ་ཕྱི་ལོ་༡༩༥༠ ནས་༡༩༨༧ ལོའི་བར་རྒྱ་གར་དུ་སྐྱེས་པ་རྣམས་ལ་རང་བཞིན་གྱིས་རྒྱ་གར་མི་སེར་གྱི་ཐོབ་ཐང་ཡོད་པ་ཡོངས་ཁྱབ་གནང་ཡོད་ཀྱང། བོད་ནས་གསར་དུ་འབྱོར་བ་རྣམས་ལ་ཐོབ་ཐང་དེ་ཁྲིམས་ལུགས་ཀྱི་ཐོག་ནས་མེད་པ་ཧ་ཅང་གསལ་པོར་གྱུར་ཡོད།
དེ་བཞིན་གོང་གསལ་ལོ་དུས་སུ་སྐྱེས་ཀྱང་རྒྱ་གར་མི་སེར་གྱི་ཐོབ་ཐང་མ་བླངས་པ་དང། གནས་སྡོད་ཆོག་པའི་ལག་ཁྱེར་(R.C)བཟོས་ནས་ལོ་༢༠ ཧྲིལ་པོ་ལོན་པ་རྣམས་ལ་ལག་ཁྱེར་དེ་དུས་འགྱང་ལོ་ལྔ་རེར་སྟབས་གཅིག་ཏུ་ཞུ་ཆོག་པའི་ཐོབ་ཐང་ཡོད་ཀྱང། བོད་ནས་གསར་དུ་འབྱོར་བ་རྣམས་ཀྱིས་ལོ་རེ་བཞིན་དེབ་འགོད་བྱེད་དགོས་པ་ལས་ལོ་ལྔའི་ཐོབ་ཐང་མེད། དེ་བཞིན་རྒྱ་གར་དུ་གནས་སྡོད་བྱེད་ཆོག་པ་ཙམ་ལས་སྡོད་ཁང་དང་ས་ཞིང་གི་མཐུན་རྐྱེན་སོགས་གཏན་ནས་མེད་པར་འཚོ་རྟེན་གྱི་ཐོག་ནས་དཀའ་ངལ་ཆེན་པོ་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་སྔ་རྗེས་སུ་སུད་སི་དང། ཨ་རི། ཁེ་ན་ཌ། ཨོ་སི་ཁྲུ་ལི་ཡ་བཅས་སུ་བོད་མི་མང་པོ་ཞིག་གཞུང་འབྲེལ་གྱིས་བཏང་བ་བྱུང་ཡོད་ལ། ཨ་རིའི་གཞུང་ལ་འབོད་སྐུལ་ཞུས་ནས་བོད་མི་མང་པོ་ཞིག་སྐྱབས་བཅོལ་དུ་སླར་ཡང་གཏོང་འཆར་ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་སོང། དེར་བརྟེན་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་བོད་མི་རྣམས་སྐྱབས་བཅོལ་དུ་འགྲོ་རྒྱུ་དེ་ཉིད་བོད་གཞུང་གི་སྲིད་བྱུས་དང་འགལ་བ་ཞིག་ཏུ་གྱུར་མེད།
ད་ལྟ་སྦེལ་རྗམ་དུ་དཀའ་ངལ་འཕྲད་བཞིན་པ་རྣམས་ལ་མཚོན་ན་ག་འདྲ་བྱས་ནས་སླེབས་མིན་ལ་མ་ལྟོས་པར་གཞུང་ངོས་ནས་གཏོང་ཐབས་མ་དགོས་པར་སླེབས་ཟིན་པ་རེད། ད་ཆ་ཁྲིམས་མཐུན་གྱི་ཡིག་ཆ་མ་རག་པར་འཕྲད་བཞིན་པའི་དཀའ་ངལ་སེལ་ཐབས་སུ་གཞུང་ངོས་ནས་རོགས་རམ་དང་སྦེལ་རྗམ་གཞུང་ལ་འབོད་སྐུལ་ངེས་པར་དུ་ཞུ་དགོས་པ་དང། བོད་ནས་གསར་དུ་འབྱོར་བ་རྣམས་ལ་རྒྱ་གར་དུ་གོང་གསལ་ཐོབ་ཐང་ཁག་མེད་པ་དེ་ཡང་གསལ་བརྗོད་གནང་དགོས། སྤྱི་ཡོངས་ཀྱི་ཐོག་ནས་རྒྱ་གར་གཞུང་དེ་བོད་མི་སྐྱབས་བཅོལ་བའི་ཐོག་ལ་འཛམ་གླིང་གི་རྒྱལ་ཁབ་གཞན་དང་བསྡུར་ཐབས་མེད་པའི་བཀའ་དྲིན་ཆེན་པོ་ཡིན་ནའང། བོད་ནས་གསར་དུ་འབྱོར་བ་རྣམས་ལ་གཞིས་ཆགས་ཀྱི་ཐོབ་སྐལ་དང། སྐྱབས་བཅོལ་བའི་གནས་བབས་སོགས་གང་ཡང་མེད་པ་དེ་དངོས་ཡོད་གནས་ཚུལ་ཡིན་པས། བོད་ནས་གསར་དུ་འབྱོར་བ་དེ་དག་གི་ཆེད་དུ་བཀའ་ཤག་གི་ངོས་ནས་དཀའ་ངལ་འདི་ཉིད་སེལ་བའི་ཐབས་ཤེས་གང་ཡོད་དུས་ཐོག་གནང་དགོས་པ་དེ་གཡོལ་ཐབས་མེད་པའི་འགན་འཁྲི་ཉག་གཅིག་ཏུ་གྱུར་ཡོད།།