ལས་འཆར་ཁག
ལོ་འདིའི་ནང་པར་སྐྲུན་བྱེད་འཆར་གྱི་དེབ་གཉིས། ༡༽ རྒྱ་ནག་ཏུ་བཞུགས་པའི་བོད་རིགས་བུད་མེད་རྩོམ་པ་པོ་གྲགས་ཆེན་འོད་ཟེར་གྱིས་བྲིས་པའི་རིག་གནས་གསར་བརྗེའི་སྐོར་རྒྱ་ཡིག་ཐོག་བྲིས་པའི་དཔེ་དེབ་གལ་ཆེན་གཉིས་ཡོད་པའི་ནང་ནས་༼རིག་གནས་གསར་བརྗེ།༽ཞེས་པ་ཨ་རིའི་དོན་ཁང་གི་ཟུང་དྲུང་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་བོད་བསྒྱུར་ཞུས་ཟིན་པས་ལོ་འདིའི་ནང་པར་སྐྲུན་བྱེད་རྒྱུ་ཡིན།༢༽ རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་བོད་དོན་སྐོར་དཔྱད་བརྗོད་སྤེལ་བ་ཁག་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དང་གཏམ་གླེང་ཞལ་པར་གྱི་གཙོ་སྐྱོང་བ་ཚེ་བརྟན་སྒྲོལ་དཀར་ལགས་ཀྱིས་བོད་བསྒྱུར་བྱས་པ་ལོ་འདིའི་ནང་པར་སྐྲུན་བྱེད་རྒྱུ་གཏན་འཁེལ་ཡོད། ད་དུང་མུ་མཐུད་གལ་ཆེ་བའི་ལོ་རྒྱུས་ཀྱི་དཔེ་དེབ་དང་ཞིབ་འཇུག་བྱས་པའི་དཔེ་དེབ་གང་མང་རྩོམ་སྒྲིག་པར་སྐྲུན་བྱེད་རྒྱུའི་འཆར་གཞི་ཡོད། བགྲོ་གླེང་གོ་སྒྲིག འདས་པའི་ལོ་བདུན་ཙམ་གྱི་བརྒྱུད་རིམ་ནང་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གསར་འཛུགས་བྱས་པའི་དུས་ཚིགས་དང་སྟབས་བསྟུན་བཙན་བྱོལ་ཁྲོད་ཀྱི་ཤེས་ཡོན་དང་ཉམས་མྱོང་ཅན་གང་མང་ཞིག་གདན་ཞུས་ཀྱིས། རིག་གནས་སྤྱི་དང་བྱེ་བྲག་གསར་འགྱུར་བརྒྱུད་ལམ་ནས་ལས་དོན་བྱེད་ཕྱོགས་སྐོར་ལ་བགྲོ་གླེང་ཚོགས་འདུ་རེ་ཟུང་ཞིག་གོ་སྒྲིག་ཞུས་ཐུབ་པ་བྱུང་ཡོད་པ་དང༌། མ་འོངས་པར་བགྲོ་གླེང་ཚོགས་འདུ་གང་མང་གོ་སྒྲིག་ཞུ་རྒྱུའི་འཆར་གཞི་ཡོད།
རྒྱས་པར་གཟིགས།