༢༠༢༥ ཟླ་ ༦ པའི་ཚེས་ ༢༢ ཉིན་ནིའུ་ཡོག་ཏུ་དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དགུང་གྲངས་ ༤༡ བཞེས་པའི་སྐུའི་འཁྲུངས་སྐར་དུས་ཆེན་མཛད་སྒོ་དེ་བཞིན། ཀརྨ་པ་སྲི་ཞུ་ཚོགས་པའི་གོ་སྒྲིག་འོག ནིའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་སྡེ་བཞིའི་ནང་སྲུང་བརྩི་ཞུས་སོང་། ཐེངས་འདིའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་སེར་བྱེས་ཆོས་འཁོར་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་སྐུ་ཚབ་དོན་གཅོད་ཀྱི་སྐུ་ཚབ་ཀུན་དགའ་བཀྲ་ཤིས། སྤྱི་ཟུར་ངག་དབང་ཐར་པ། ཁྲིམས་ཟུར་ངག་དབང་རབ་རྒྱས། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གཙོས་ནིའུ་ཡོག་གི་ཚོགས་པ་ཆེ་ཁག་དང་། འབྲུག་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གཅེས་གཅེས་ལགས་དང་། བལ་ཡུལ་སྤྱི་མཐུན་ཚོགས་པའི་ཚོགས་གཙོ། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སྐུ་ཚབ་དང་། ནིའུ་ཡོག་བོད་རིགས་དང་ནང་ཆོས་ལ་དད་མོས་ཡོད་པའི་ཨ་རི་བ་བཅས་མི་གྲངས་ ༡༠༠༠ ལྷག་འདུ་འཛོམས་བྱུང་འདུག མཛད་སྒོའི་ཐོག་མར་དགེ་འདུན་པ་རྣམས་ཀྱིས་གནས་བརྟན་ཕྱག་མཆོད་དང་། ༧གོང་ས་མཆོག་གི་ཞབས་བརྟན། ༧ཀརྨ་པ་རིན་པོ་ཆེ་མཆོག་གི་ཞབས་བརྟན་གསོལ་འདེབས་བཅས་ཞལ་འདོན་གནང་སོང་། མཛད་སྒོར་ཞུགས་མཁན་ཚང་མས་༧རྒྱལ་བ་ཀརྨ་པ་མཆོག་གི་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་པའི་སྨོན་ལམ་མཉམ་འདེབས་གནང་རྗེས། འཁྲུངས་སྐར་གྱི་འཁུར་ར་བཏུབ་སྟེ་བགོ་འགྲེམས་གནང་སོང་།དམིགས་བསལ་སྐུ་མགྲོན་སྐུ་ཚབ་དོན་གཅོད་ཀྱི་སྐུ་ཚབ་ཀུན་དགའ་བཀྲ་ཤིས་ཀྱིས་སྐུའི་འཁྲུངས་སྐར་དང་འབྲེལ་བའི་གསུང་བཤད་དང་། དེ་རྗེས་སྐུ་མགྲོན་གཙོ་བོ་ཆོས་འཁོར་རིན་པོ་ཆེ་མཆོག་གིས་༧ཀརྨ་པ་མཆོག་གིས་འཛམ་གླིང་ཞི་བདེ་དང་། ཁོར་ཡུག་སྲུང་སྐྱོབ། དཀར་སྐྱོང་། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་མཛད་རྗེས་ལ་བསྔགས་བརྗོད་དང་འབྲེལ་གསུང་བཤད་གནང་སོང་། དེ་ནས་རིམ་བཞིན་འབྲུག་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་རྫོང་ཁའི་སྐད་ཐོག་ནས་གཏམ་བཤད་དང་། བལ་ཡུལ་སྤྱི་མཐུན་ཚོགས་པའི་ཚོགས་གཙོ། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བཅས་ཀྱིས་འཁྲུངས་སྐར་དང་འབྲེལ་བའི་གཏམ་བཤད་གནང་སོང་། དེ་བཞིན་བློ་གསལ་སྐྱེད་ཚལ་སློབ་གྲྭ་དང་། ཡར་ཀླུང་མེས་དབོན་ལེགས་བཤད་གླིང་གི་སློབ་ཕྲུག གཟའ་མཇུག་རོལ་དབྱངས་སློབ་གྲྭ ཆོལ་གསུམ་ཟློས་གར་ཚོགས་པ། ཟླ་སྣང་བོད་ཡིག་སློབ་གྲྭ ནིའུ་བོད་པའི་ཞབས་ཞུ་ཁང་གི་སློབ་མ་བཅས་ཀྱིས་འཁྲབ་སྟོན་གནང་བ་དང་། དེ་རིང་གི་གཞས་དང་ཞབས་བྲོ་མང་ཆེ་བ་སྲོལ་རྒྱུན་གྱི་རོལ་ཆ་སྤྱོད་བཞིན་གནའ་བོའི་ཉམས་བཟང་པོ་སྟོན་གང་ཐུབ་བྱས་འདུག དེ་མིན་ཚོགས་སྐྱིད་དང་མི་སྒེར་བཅས་ནས་གཞས་དང་ཞབས་བྲོ་མང་པོ་འཁྲབ་སྟོན་གནང་སོང་། ཀརྨ་པ་སྲི་ཞུ་ཚོགས་པའི་འགན་འཛིནའཕྲིན་ལས་ཀྱིས་ཐུགས་རྗེ་ཆེ་ཞུས་སོང་། དེ་ནས་སྨན་རི་དཔོན་སློབ་རིན་པོ་ཆེ་ཞིང་གཤེགས་མཆོག་ལ་མྱ་ངན་རྗེས་དྲན་དང་། གདུང་སེམས་མཉམ་བསྐྱེད་ཆེད།ཤར་པའི་རིག་གཞུང་སློབ་གྲྭའི་སློབ་མ་རྣམས་ནས་སྣང་གསལ་མར་མེའི་སྨོན་ལམ་གསུང་འདོན་གནང་རྗེས་མཛད་སྒོ་གྲོལ་སོང་ལ། དེ་བཞིན་གཟའ་ཉི་མའི་སྒོར་གཞས་ཀྱི་ཞབས་བྲོ་དེ་ཕུན་ཚོགས་སྡེ་བཞིའི་ཚོགས་ཁང་ནང་འཁྲབ་གནང་སོང་། ད་ཆར་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་འཇར་མི་ནི་རུ་བཞུགས་ཡོད་པ་རེད། ས་གནས་འབྲེལ་ཡོད་ནས་འདི་གའི་གསར་ཁང་དུ་གནས་ཚུལ་མཁོ་སྤྲོད་གནང་།
རྒྱས་པར་གཟིགས།