བོད་སྐད་གཙང་མ་བཤད་པའི་ལས་འགུལ།
འགུ་ལོག་དམ་ཆོས་དཔལ་བཟང༌
བོད་མི་རིགས་གཞིས་བྱེས་གཉིས་སུ་ཁ་གྱེས་ནས་༡༩༥༩ ནས་༢༠༠༩ད་ལྟའི་བར། བཙན་བྱོལ་བ་རྣམས་འཛམ་གླིང་གི་ཕྱོགས་བཞི་མཚམས་བརྒྱད་དུ་གནས་བཅའ་དགོས་བྱུང་ཡོད་ལ། གཞིས་ལུས་མི་མང་ནི་རྒྱ་ནག་གཞུང་གིས་དབང་བསྒྱུར་འོག་འཚོ་ཞིང་གནས། གནས་སྟངས་ལ་མཚོན་ན་ལུས་སེམས་གཉིས་ཀ་སྡུག་བསྔལ་བའི་རང་བཞིན་ལས་མ་འདས་ཀྱང༌། དུས་ཚོད་ཀྱི་དབང་གིས་རིག་གཞུང་གི་བཙན་གནོན་བྱས་སྐོར་མ་གཏོགས་བཤད་ཀྱི་མིན། དཔེར་ན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང༌། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ། རྔ་བ་བོད་རིགས་རང་ཁུལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཞིའི་ས་ཁུལ་ལ་༡༩༧༨ ལོ་བར་དུ་བོད་ཡིག་སློབ་གྲྭ་བཙུགས་མེད་ལ། བོད་ལྗོངས་དང༌། མཚོ་སྔོན་ཞིང་ཆེན་གཉིས་ལ་བོད་ཡིག་གི་སློབ་གྲྭའི་མིང་ཙམ་ཡོད་ཀྱང་བོད་ཡིག་གཙོ་བོར་བཟུང་མེད། དེར་བརྟེན་བོད་ཆོལ་ཁ་གསུམ་གྱི་ཁྱོན་ལ་རྒྱ་ཡིག་རྒྱ་སྐད་ཡག་པོ་མ་ཤེས་ན་ལས་ཀ་ཐེབས་ཆག་མ་གཏོགས་ཐོབ་ཀྱི་མེད་པ་དང༌།
