རྒྱ་ནག་དཔལ་འབྱོར་བསྡོམས་རྩིས་ལས་ཁུངས་ཀྱི་འགན་འཛིན་གནས་དབྱུང་།

རྒྱ་ནག་རྒྱལ་ཁབ་བསྡོམས་རྩིས་ལས་ཁུངས་ཀྱི་འགན་འཛིན་ཝང་པའོ་ཨན།
རྒྱ་ནག་རྒྱལ་ཁབ་བསྡོམས་རྩིས་ལས་ཁུངས་ཀྱི་འགན་འཛིན་ཝང་པའོ་ཨན།


རྒྱ་ནག་བསྡོམས་རྩིས་ལས་ཁུངས་ཀྱི་འགན་འཛིན་ཝང་པའོ་ཨན་ལ་ཞིབ་བཤེར་བྱེད་བཞིན་པ་དང་། རྒྱ་ནག་གི་བསྡོམས་རྩིས་གྲངས་ཐོ་ལ་སྔོན་ནས་དོགས་གཞི་ཆེན་པོ་ཡོད་པ་མ་ཟད། ཐེངས་འདིར་བསྡོམས་རྩིས་གྲངས་ཐོའི་དཔོན་རིགས་ལ་གནད་དོན་ལྷག་པ་དེས་མི་རྣམས་ལ་བསྐྱར་དུ་དོགས་སློང་བྱས་ཡོད།

ཟླ་༡ ཚེས་༢༦ ཉིན་རྒྱ་ནག་དབུས་སྒྲིག་བཤེར་ལྷན་ཁང་གིས་རྒྱལ་ཁབ་བསྡོམས་རྩིས་ལས་ཁུངས་ཀྱི་འགན་འཛིན་ཝང་པའོ་ཨན་ཚབས་ཆེའི་སྒྲིག་འགལ་དང་འབྲེལ་བའི་གནད་དོན་འོག་ཞིབ་བཤེར་བྱེད་བཞིན་པའི་ཁྱབ་བསྒྲགས་བྱས་ཡོད་པ་དང་། ཆུ་ཚོད་ཁ་ཤས་སྔོན་དུ་ཁོང་གིས་ད་དུང་དཔལ་འབྱོར་གནས་བབ་ཀྱི་ཚོགས་འདུ་གཙོ་སྐྱོང་བྱས་ཏེ། མ་རྩ་འཛུགས་མཁན་རྣམས་ལ་བློ་སྤོབས་སྦྱིན་པ་དང་འབྲེལ་མ་རྐང་ཁྲོམ་རའི་བྱེད་ལས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་པ་དང་། རྒྱ་ནག་གི་དཔལ་འབྱོར་དུས་ཡུན་རིང་པོར་བཟང་ཕྱོགས་སུ་བསྐྱོད་པའི་རྨང་གཞི་ལ་འགྱུར་ལྡོག་མེད་སྐོར་སོགས་བརྗོད་ཡོད་པ་རེད།

མདུན་ཕྲག་སྔོན་མའི་ནང་རྒྱལ་ཁབ་བསྡོམས་རྩིས་ལས་ཁུངས་ཀྱིས་༢༠༡༥ ལོའི་GDP འཕར་ཆའི་མྱུར་ཚད་༦་༩% སླེབས་ཡོད་པའི་གསལ་བསྒྲགས་སྤེལ་པ་དང་། ཝང་པའོ་ཨན་གྱིས་ད་དུང་རྒྱ་ནག་གི་GDP རྩིས་བཤེར་ནི་ཡིད་ཆེས་འཕེར་བ་ཞིག་ཡིན་ཚུལ་བསྐྱར་ནན་བྱས།

རྒྱ་ནག་གི་དཔལ་འབྱོར་བསྡོམས་རྩིས་ལ་དུན་ཡུན་རིང་པོའི་སྔོན་ནས་དབྱེ་ཞིབ་པ་དང་དཔལ་འབྱོར་ཆེད་མཁས་པ་རྣམས་ཀྱིས་སྐྱོན་བརྗོད་བྱེད་བཞིན་པ་མ་ཟད། རྒྱ་ནག་གིས་མ་དེབ་རྫུན་སྒྲིག་བྱེད་བཞིན་པའི་ཡིད་ཆེས་ཀྱང་བྱེད་མཁན་ཡོད་ལ། ཁག་ཅིག་གིས་གློག་ཤུགས་དང་ལྕགས་ལམ་དོས་སྐྱེལ་ཚུད་པའི་གྲངས་ཐོ་ཁ་ཤས་ཐོག་ཡིད་ཆེས་འཕེར་བའི་ངོས་འཛིན་བྱས།

GDP རྫུན་བཟོ་དེ་གཙོ་བོ་GDP གོང་བཀུར་དང་འབྲེལ་བ་ཡོད་ཅིང་གྲོང་པའི་འགོ་ཁྲིད་དང་ཞིང་ཆེན་གྱི་འགོ་ཁྲིད་སོགས་དཔོན་པོ་སུ་འདྲ་ཞིག་ཡིན་ནའང་། གོ་གནས་འཕར་བའི་ཐབས་ལམ་གཙོ་བོ་གཅིག་ནི་GDP ཚད་ལོངས་པའམ་འཕར་ཆའི་ཚད་གཞི་ལས་བརྒལ་བའི་དམིགས་ཡུལ་བཟུང་སྟེ། པེ་ཅིང་ལ་གཏམ་བཟང་སྙན་སེང་ཞུ་རྒྱུ་དེ་ཡིན་པ་རེད།

དཔལ་འབྱོར་ཆེད་མཁས་པ་ཨན་ཌེ་ཡིས་CNN གསར་ཁང་ལ་བརྗོད་པ་ལྟར་ན། རྒྱ་ནག་ལ་རང་དབང་ཅན་གྱི་བསྡོམས་རྩིས་ལས་ཁུངས་མེད་པར་བརྟེན། ས་གནས་སྲིད་གཞུང་གིས་འོག་ནས་གོང་རིམ་ལ་འབུལ་བའི་གྲངས་ཐོ་ལ་བརྟེན་དགོས་ཀྱི་ཡོད་ཅིང་། ས་གནས་སྲིད་གཞུང་ལ་གྲངས་ཐོ་རྫུན་བཟོའི་ཀུན་སློང་ཡོད་པ་རེད།

རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རྒྱལ་ཁབ་རྩིས་ཞིབ་ལས་ཁུངས་ཀྱི་རྩིས་ཞིབ་འགན་འཛིན་ཟུར་པ་ཏོང་ཏཱ་ཧྲན་གྱིས་ལོ་སྔོན་མའི་ཟླ་༣ ཚེས་༤ ཉིན་སྲིད་གྲོས་ཚོགས་ཆུང་ཚོགས་འདུའི་སྟེང་བརྗོད་དོན། “འདས་པའི་ལོ་ཤས་རིང་རྒྱ་ནག་གི་དཔལ་འབྱོར་གྲངས་ཐོ་རྫུན་བཟོའི་རྣམ་པ་ཤིན་ཏུ་ཚབས་ཆེ་བ་དང་། ས་གནས་ཀྱི་དཔོན་རིགས་ཤིག་གིས་བརྗོད་པ་ལྟར། འདས་པའི་ལོ་ཤས་རིང་མཐོ་བ་དེ་མཐོ་དྲགས་པ་དང་དམའ་བ་དེ་དམའ་དྲགས་ཏེ། ཁོང་ཚོས་ལོ་རེར་སྙིང་བསྡུས་མི་བྱ་ཐབས་མེད་ཆགས་ཡོད།”

རྒྱ་ནག་ཨན་པང་ཁག་ཐེག་གི་ཞིབ་འཇུག་སྙན་ཐོའི་ནང་བསྟན་པ་ལྟར། GDP གྲངས་ཐོ་དང་ནོར་ཁྲལ་ཡོང་འབབ། མ་འཇོག་སོགས་ཁྱབ་ཁོངས་མང་པོའི་ནང་རྫུན་བཟོའི་རྣམ་པ་ཡོད་པ་དཔེར་ན། ས་གནས་མི་ཉུང་བ་ཞིག་གིས་༢༠༡༤ ལོའི་ནོར་ཁྲལ་ཉམས་ཆག་ཚབས་ཆེ་བ་དང་། ས་གནས་ཁ་ཤས་ལ་དེ་ལས་ལྡོག་སྟེ་ཡར་འཕར་ཡོད། ཡིན་ནའང་ཕྱིའི་རྣམ་པ་ལྟ་བཟོ་དོད་པའི་ཆེད་དུ་བསྡོམས་རྩིས་སྐབས་རྨང་གཞིའི་ཕྱོགས་མང་པོ་སྒྱུར་བཅོས་བྱེད་པ་དང་། ད་དུང་ས་གནས་ཁ་ཤས་སུ་ཐད་ཀར་གྲངས་ཐོ་བརྗེ་སྤོ་བྱས་པའི་རྣམ་པ་མངོན་ཡོད་པ་རེད།

རྒྱ་ནག་རྒྱལ་ཁབ་བསྡོམས་རྩིས་ལས་ཁུངས་ཀྱིས་བཏོན་པའི་དཔལ་འབྱོར་གྱི་གྲངས་ཐོ་ཐད། ཧྥ་རེན་སི་དཔལ་འབྱོར་ལྷན་ཁང་གི་བློན་ཆེན་མེན་ཁི་རོན་གྱིས་ཐད་ཀར། “ངས་སྐར་ཆ་གཅིག་ལའང་ཡིད་ཆེས་བྱས་མྱོང་མེད། (I don’t believe for a second)”ཅེས་བརྗོད་པ་དང་། མེན་ཁི་རོན་གྱིས་ཟླ་༡ ཚེས་༢༣ ཉིན་འཛམ་གླིང་དཔལ་འབྱོར་གླེང་སྟེགས་སྟེང་བརྗོད་རྒྱུར། “ཟླ་ཤས་སྔོན་ངས་བཤད་མྱོང་། རྒྱ་ནག་གིས་ཕྱིར་བསྒྲགས་བྱས་པའི་གྲངས་ཐོ་ལ་ང་ཅུང་ཟད་ཙམ་ཡང་ཡིད་ཆེས་མེད། རྒྱ་ནག་གཞུང་འབྲེལ་གྱི་GDP གྲངས་ཐོ་དེ་དཔལ་འབྱོར་དངོས་གཞི་འཕར་ཆའི་མྱུར་ཚད་ལས་བརྒལ་ཏེ་ཡིད་ཆེས་དཀའ་བ་གྱུར་ཡོད། འོན་ཀྱང་ང་ཚོས་ངེས་པར་དུ་གཟོད་བསྲན་བྱ་དགོས།”

འོན་ཀྱང་། ཝང་པའོ་ཨན་གོ་གནས་ལས་ཟགས་པ་དེ་གཅིག་བྱས་ན་རང་སྟེང་གི་རུལ་སུངས་ཀྱི་གནད་དོན་ལ་བརྟེན་ནས་བྱུང་པ་ཞིག་ཡིན་སྲིད་པ་དང་། རྒྱ་ནག་སྐམ་སའི་བརྒྱུད་ལམ་ཞིག་གིས་ནོར་ཁྲལ་ལས་ཁུངས་ཀྱི་མི་སྣ་ཞིག་གི་སྐད་ཆ་ལུང་འདྲེན་བྱས་པ་ལྟར། ཝང་པའོ་ཨན་ཞིབ་བཤེར་བྱས་པའི་བརྒྱ་ཆ་བཅུ་ནས་བརྒྱད་དགུ་ཞིག་ནོར་སྲིད་ལས་ཁུངས་སུ་ལས་ཀ་བྱེད་སྐབས་ཀྱི་གནད་དོན་ཡིན་པ་རེད།།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||