རྣ་བར་གཟན་པའི་བོད་རང་བཙན།
༡༩༥༠ ལོ་ཡས་མས་ནས་རྒྱ་ནག་གིས་བོད་ལ་བཙན་འཛུལ་གྱིས་དབང་བསྒྱུར་བྱས་པ་དང་། བཙན་རྒྱལ་བས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་། ཆོས་དང་རིག་གཞུང་རྩ་གཏོར། མི་མང་དམར་གསོད་སོགས་མནར་གཅོད་འདྲ་མིན་བཏང་ཡོད། བོད་གཞུང་དང་དབུ་ཁྲིད་རྒྱ་གར་གྱི་བཀའ་དྲིན་འོག་སྡོད་གནས་སྟབས་བདེ་ཤིག་རག་པ་ རེད། ས་མཐའ་ནས་ནང་ཁུལ་ཚིག་རྩོད་དམའ་འབེབས་དང་། ངན་ཁག་དཀྲིས་རེས་བྱས་ན་ཕན་ཐོགས་ཤིག་ཡོད་དམ།
རྒྱ་ནག་དྲག་གཞུང་ལ་ཁ་གཏད་གཅོག་རྒྱུའི་ནུས་པ་དང་། བོད་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གིས་རྒྱ་ནག་ལ་རྒོལ་མཁན་ཚོའི་རྗེས་སུ་ འབྲང་བའི་བློ་སྤོབས་མེད་ནའང། བཙན་བྱོལ་སྤྱི་ཚོགས་ནང་བོད་རང་བཙན་བརྩད་ཆོག་མིན་དང། ས་གནས་མི་རིགས་རང་སྐྱོང་བརྩད་ཆོག་མིན་གྱི་འགལ་ཟླའི་བར་ནས་མཛད་གཙོ་རྣམ་པས་ མི་མང་མགོ་རྨོངས་སུ་བཅུག་པ་ཉུང་ཉུང་མིན།
ད་ལོ་ཡང་ཕྱི་ཟླ་༩ གྲོས་ཚོགས་འཚོག་ལ་ཉེ་བའི་སྐབས་དེར་༧གོང་ས་མཆོག་གིས་གཞུང་གི་སྲི་ཞུ་ལས་བྱེད་ པར་བཀའ་སློབ་གནང་བའི་ནང་དོན་ཁག་ཅིག་“ར་མགོ་ལུག་སྦྱར་”བྱས་ཏེ། སྤྱི་ཚོགས་ནང་བཀྲམ་སོང་ལ། སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཐོག་སྤྱི་འཐུས་ཀརྨ་ཆོས་འཕེལ་སྡུག་རབས་ དང་། བོད་རང་བཙན་བཤད་མཁན་ཁག་ཅིག་གིས་༧གོང་ས་མཆོག་ཐུགས་ཕམ་བྱུང་བཅུག་སྐོར་དང། ཐ་ ན་༧གོང་ས་མཆོག་གི་དགུང་ལོ་ཡང་༡༡༣ ལ་བཞུགས་འཆར་ཡོད་ཀྱང་། ད་ལྟ་དགུང་ལོ་༡༠༨ ཙམ་ལས་མི་བཞུགས་ཉུང་འཕྲི་གནང་དགོས་ཁེལ་སྐོར་སོགས་ཆབ་སྲིད་ཀྱི་ཚོགས་ར་དང་མ་ འཚམས་པ་དང། སྤྱིར་བཏང་གི་མིའི་སེམས་ཁམས་སུ་མི་ཤོང་བའི་བཤད་གླེང་སྣ་ཚོགས་བྱས། སྤྱི་འཐུས་ཐུབ་བསྟན་ལུང་རིགས་ཀྱིས་དེ་རིང་སྐད་ཆ་བཤད་མཁན་ག་ཚོད་ཡོད་ཀྱང་དུས་ ཚོད་ངེས་མེད་བྱས་ཏེ། བཤད་བཅུག་དགོས་པའི་གྲོས་འགོ་བཏོན་པ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་གིས་ངོ་བཞེས་གནང་སྟེ་ཚང་མར་སྦྱངས་བཤད་བྱེད་བཅུག སྐབས་དེར་གལ་སྲིད་སྤྱི་འཐུས་ཀརྨ་ཆོས་འཕེལ་སོགས་ལ་དགག་པ་མ་བརྒྱབ་ན་དྷ་སའི་ བོད་མི་ནག་ཉེས་ཅན་ཆགས་ཉེན་ཡོད་པས། བཤད་རྒྱུ་མེད་ཀྱང་། བཤད་མ་ཤེས་ཀྱང། ཚང་མས་ཧུར་ཐག་བྱས་ཏེ། དགག་རྒྱག་བྱས་པ་ནི་རྒྱ་ནག་གི་རིག་གསར་ལས་འགུལ་སྐབས་དང་འདྲ་པོ་ཆགས་འདུག འོས་ བསྡུའི་སྐབས་འོས་ཤོག་ཐོབ་མིན་གྱི་དཀའ་ངལ་འཕྲད་མཁན་དང། དུས་རྒྱུན་སྐབས་འཚོལ་ལ་མཁས་པ་ཁག་ཅིག་ལ་ད་ཐེངས་ལྷག་བསམ་ཆེ་མདོག་དང། ༧གོང་ས་མཆོག་ལ་དད་གུས་ཡོད་མདོག་གིས་མི་མང་ཁྲོད་འཁྲབ་སྟོན་བྱེད་རྒྱུའི་གོ་ སྐབས་བྱུང་བ་རེད།
དོན་དངོས་སུ་གྲོས་ཚོགས་འདིའི་ནང་ངོ་དགའ་སྤྲེལ་ལད་དང་། རྒྱབ་བཤད་ལྐོག་ཇུས། རང་ཉིད་ཀྱིས་འཇོན་མདོག་སྟོན་པ་ལས། ལྷག་བསམ་གྱི་ལས་ཀ་བྱེད་མཁན་ཧ་ཅང་ཉུང་བའི་ཚོད་དུ་སླེབས་འདུག ནང་ཁུལ་གྱི་ལྐོག་ཟ་རུལ་སུངས་ལ་ཁ་རྡུང་གཏོང་མཁན་མི་འདུག་ལ། རྒྱ་ནག་ལ་རྒོལ་ལན་སྤྲད་མཁན་ཡང་མི་འདུག ༧གོང་ས་མཆོག་གིས་ལས་དོན་འགྲིག་གི་མེད་སྐོར་གྱི་བཀའ་སློབ་ལམ་སྟོན་གང་ཞིག་ གནང་ཡང། གཞན་གྱིས་མ་འགྲིག་པ་ཡིན་སྐོར་བཤད་གང་ཐུབ་བྱེད་པ་ལས། སོ་སོས་འགྲིག་ཡོད་མེད་ལ་ཞིབ་དཔྱོད་མི་བྱེད་པ་ནི་བཙན་བྱོལ་ནང་གི་མཛད་གཙོ་ཁག་ ཅིག་གིས་བྱེད་སྟངས་རེད།
དེ་བཞིན་གྲོས་ཚོགས་ནང་༧གོང་ས་མཆོག་ལ་བཟོད་གསོལ་དགོས་པའི་གྲོས་ཆོད་དང་། སྐུ་ཚེ་ཡུན་དུ་བརྟན་དགོས་པའི་བརྟན་བཞུགས་ཕུལ་རྒྱུའི་གྲོས་ཆོད་བཞག་སྟེ། ཚོགས་གཙོ་སྤེན་པ་ཚེ་རིང་དང། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ། སྲིད་སྐྱོང་བློ་བཟང་སེང་གེ་བཅས་ཀྱིས་༢༠༡༣ ལོའི་ཕྱི་ཟླ་༩ ཚེས་༢༢ ཉིན་བསྐྱར་དུ་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་དང། ཕྱི་ཚེས་༢༣ ཉིན་བོད་མི་རྒན་ཁོག་ལྔས་ཀརྨ་ཆོས་འཕེལ་སྤྱི་འཐུས་ནས་ཕྱིར་འབུད་དགོས་པའི་ངོ་ རྒོལ་སྦྱར་བྱང་ཁྱེར་ཏེ་གྲོས་ཚོགས་ར་བའི་སྒོ་རུ་སླེབས་འདུག
ཉིན་དེར་སྲིད་སྐྱོང་དང་ཚོགས་གཙོས། ༧གོང་ས་མཆོག་གིས་སྤྱིར་བཏང་དང་འབྲེལ་ནས་ནང་ཁུལ་གསུང་བཤད་གནང་བ་ལས། མི་གཅིག་གཉིས་ལ་དམིགས་པ་ཞིག་མིན་སྐོར་དང་། དེ་བས་སྐུ་ཚེ་ཉུང་འཕྲི་ཡང་འཕྲོད་བསྟེན་དང་འབྲེལ་ནས་གསུངས་པ་ལས། གནད་འགག་དེ་འདྲ་མིན་སྐོར་བཀའ་གནང་ཡོད་སྐོར་དང་། ད་དུང་དབུ་མའི་ལམ་གྱི་སྲིད་ཇུས་བརྒྱུད་ནས་བོད་དོན་བདེན་མཐའ་གསལ་རྒྱུ་ཡིན་པ་ མ་ཟད། དེའི་བར་༧གོང་ས་མཆོག་སྐུ་ཚེ་བརྟན་རྒྱུ་ཡིན་སྐོར་བཀའ་སློབ་གནང་སོང་ཞེས་གྲོས་ ཚོགས་ནང་གསལ་བཤད་གནང་། མི་མང་བསྐྱར་དུ་མགོ་འཐོམ་སོང་། མཛད་གཙོ་རྣམ་པས་སྔ་ཉིན་བཤད་པ་དེ་བདེན་པ་རེད་དམ། དེ་རིང་བཤད་པ་དེ་བདེན་པ་རེད། ངོ་རྒོལ་བྱེད་མཁན་སྤོ་རྨོ་ལྔ་པོ་ཡང་མགོ་བོ་གཡུག་བཞིན་ནང་ལ་ལོག་སོང་།
དོན་དངོས་༢༠༡༣ ལོའི་ཕྱི་ཟླ་༩ ཚེས་༢ ཉིན་བཀའ་སློབ་དེ་ནང་ཁུལ་བྱས་ཏེ་གསུངས་པ་དང་། དམིགས་བསལ་སྒྲ་འཇུག་དང་གློག་བརྙན་པར་རྒྱག་པ་སོགས་བྱས་མེད་སྐོར་འདུག་ལ། ཆབ་སྲིད་འཁྲབ་སྟོན་པས་བཀའ་སློབ་མགོ་དང་མཇུག་ནས་བཀོག་སྟེ་“ར་མགོ་ལུག་ སྦྱར་”གྱིས་མི་ཁག་ཅིག་ནག་པོ་བཟོ་བྱེད་དུ་འགྱུར་མིན་སུས་ཀྱང་སེམས་ལ་འཁོར་མི་ སྲིད་པ་མ་ཟད། སྤྱི་ཚོགས་ནང་ཡོངས་གྲགས་ཀྱང་བྱེད་འཆར་མེད་པས། གལ་གནད་དུ་བརྩིས་པ་ཞིག་མིན་ཚོད་འདུག་ཀྱང་། ཚོགས་གཙོ་སྤེན་པ་ཚེ་རིང་གིས་གོ་སྐབས་བཟུང་ནས། སྤྱི་འཐུས་རྒྱུན་ལས་ནང་བསྒྲགས་པ་དང་། གླེང་གཞི་ཆེན་པོར་གྱུར། “བཀའ་དགོངས་བསྒྲུབ་རྒྱུ་ཡིན། བཟོད་གསོལ་ཞུ་རྒྱུ་ཡིན།”ཞེས་པ་འདི་དག་ད་ལྟ་དྷ་སའི་ཆབ་སྲིད་པའི་ནང་རྒྱུགས་ ཆེ་ན། དོན་དམ་པའི་༧གོང་ས་མཆོག་གི་མཛད་འཕྲིན་ནང་གཟི་བརྗིད་ཆགས་མིན་དང་། བོད་དོན་ལ་ཕན་ཐོགས་ཡོད་མེད་ཀྱང་ངེས་པར་དུ་བསམ་བློ་གཏོང་དགོས་པའི་གནས་སུ་ གྱུར་འདུག
སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་༧གོང་ས་མཆོག་གིས་ཐུགས་ནས་རང་བཙན་རྩོད་འདོད་ ཡོད་པ་རེད་ཅེས་བརྗོད་པ་མ་རེད་ལ། ཐུགས་ལ་ཡོད་པ་རེད་ཅེས་ཀྱང་བརྗོད་མེད་པར། ཡོད་པར་སྙམ་ཞེས་དོགས་སློང་བྱས་པ་དངོས་ཡོད་གནས་ཚུལ་རེད། དེ་ལ་དོགས་སློང་དགོས་མིན་ཀྱང་ཀརྨ་ཆོས་འཕེལ་ལ་ཇུས་གཏོགས་མི་འདུག་ལབ་ན་མ་ འགྲིག་པ་མི་འདུག་མོད། དེ་འདྲ་ཛ་དྲག་ག་འདྲ་ཆགས་པ་རེད། སྐབས་འཚོལ་བ་འགའ་རེས་འགྲེལ་བརྗོད་སྣ་ཚོགས་བརྒྱབ་པ་དང། མང་པོ་ཞིག་གིས་གསལ་པོ་མ་ཤེས་པར། ༧གོང་ས་མཆོག་གི་ཐུགས་ནས་རང་བཙན་རྩོད་ཀྱི་ཡོད་པ་རེད་ཟེར་བ་ལྟ་བུར་གོ་འདུག དེ་འདྲ་མ་རེད།
སྤྱིར་བཏང་བོད་མི་ཚང་མ་བོད་རང་བཙན་ལ་དགའ་པོ་ཡོད་པ་གཅིག་གྱུར་གྱི་བསམ་ ཚུལ་འདྲ་རེད་འདུག ཁག་ཅིག་གིས་རང་བཙན་རག་གི་མ་རེད་ཅེས་བརྗོད་པ་དང་། ཁག་ཅིག་གིས་རྒྱ་བོད་གཉིས་ཕན་ཆེད་བོད་རང་བཙན་རྩོད་རྒྱུ་མ་རེད་ཟེར་བ་ལས། བོད་མིའི་དབུ་ཁྲིད་རྣམ་པ་ནས་མི་མང་དཀྱུས་མའི་བར་རང་བཙན་ཐོབ་ན་ཚང་མ་དགའ་ཡི་ རེད་ཅེས་བཤད་མཁན་ཧ་ཅང་མང་ལ། དེའི་ནང་དུ་༧གོང་ས་མཆོག་ཚུད་ཀྱི་ཡོད་མེད་མི་ཤེས། ད་ལྟ་བཞིན་སེམས་ལ་ཡང་རང་བཙན་མེད་ཅེས་ལས་འགུལ་སྤེལ་མྱོང་མེད་ལ། བོད་རང་བཙན་ཟེར་བ་དེ་སེམས་ལ་ཡང་འཁོར་མི་ཆོག་པ་ཞིག་ཨེ་ཡིན། རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཏེ། ཁྱོད་ཀྱི་སེམས་ནང་དུ་ཆོས་དད་དང། བོད་ཞེན་འདུག་ཅེས་པ་སོགས་བརྗོད་དེ་འཐབ་རྩོད་གཅར་རྡུང་བྱས་པ་ཉུང་ཉུང་མིན་ཡང་ ད་དུང་གཙང་སེལ་ཐུབ་མི་འདུག་ཀྱང་། ད་ལྟ་བཙན་བྱོལ་ནང་དུ་བོད་རང་བཙན་བརྗོད་ན་གཡས་གཡོན་ལ་བལྟས་ཏེ་དོགས་པ་དགོས་པ་ ལྟ་བུ་ཆགས་འདུག
སྔོན་མ་ཞིག་ལ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་གྱིས་དབུ་མའི་ལམ་ནི་ གོམ་པ་དང་པོ་རེད་ཅེས་རང་བཙན་རྩོད་རྒྱུའི་དམིགས་ཡུལ་ཡོད་པ་ལྟ་བུ་རྒྱལ་ སྤྱིའི་བརྒྱུད་ལམ་དུ་ཡོངས་གྲགས་ཆགས་པ་མ་ཟད། རྒྱ་ནག་གིས་ཀྱང་༧གོང་ས་མཆོག་གིས་རང་བཙན་རྩོད་ཀྱི་ཡོད་པ་རེད་ཅེས་ཁག་དཀྲི་ བྱེད་ཡུལ་དུ་གྱུར་ཀྱང་། སྐབས་དེར་༧གོང་ས་མཆོག་ལ་མཚན་སྨད་བྱས་སོང་ཞེས་དགག་རྒྱག་བྱེད་མཁན་མི་འདུག་ལ། ངོ་རྒོལ་བྱེད་མཁན་དེ་བས་མི་འདུག དེ་བཞིན་དུས་རྒྱུན་ང་ཚོ་ཚང་མར་རང་བཙན་ཐོབ་ན་དགའ་ཡི་རེད་ཅེས་མཛད་གཙོ་ཚོས་ག་ ཚོད་གསུངས་ཀྱང་དེ་ལ་ངོ་རྒོལ་བྱེད་མཁན་མི་འདུག
སྤྱིར་བཏང་ཆབ་སྲིད་ནང་ཆོས་ལུགས་ཀྱི་ཤུགས་རྐྱེན་ཡོད་ན། གོ་བ་ཡག་པོ་མ་བླངས་པ་དང་བེད་སྤྱོད་ཡག་པོ་མ་བྱས་ན་བརྡབ་གསིག་ཆེན་པོ་སྔོན་ཡང་འགྲོ་མྱོང་ལ། མ་འོངས་པ་ཡང་འགྲོ་མི་སྲིད་པ་མ་རེད། ད་ཐེངས་མི་ཁག་ཅིག་གིས་ལས་ཀ་བྱེད་སྟངས་དང་སྐད་ཆ་བཤད་སྟངས་ཀྱིས་༧གོང་ས་མཆོག་ དགུང་ལོ་ལྔ་ཉུང་འཕྲི་བྱས་པ་རེད་ཅེས་ཁྱབ་ན། མི་དེ་ཚོ་དད་ལྡན་མི་མང་གིས་གུ་ཡངས་གཏོང་ཐུབ་པ་ཞིག་མ་རེད་ལ། ནག་ཉེས་འགེལ་ས་ཚོས་དེ་བས་ཁས་ལེན་ཐུབ་པ་ཞིག་མིན་པ་མ་ཟད། སྤྱིར་བཏང་གི་མི་ཞིག་གི་སེམས་ཁོངས་སུ་གནས་ཚུལ་དེ་ཤོང་ཐབས་མེད་པ་ཞིག་རེད། བཀའ་སྤྱི་གཉིས་ཀྱིས་རྗེས་སུ་གསལ་བཤད་གནང་བ་ལྟར་ན། དངོས་ཡོད་གནས་ཚུལ་ཡང་དེ་འདྲ་རེད་མི་འདུག དེ་ ནི་ཆོས་ལུགས་དང་ཆབ་སྲིད་བསྲེ་ལྷད་ཆེ་དྲག་པའི་ཉེན་ཁ་རེད། ༧གོང་ས་མཆོག་གི་སྐུ་ཚེ་བརྟན་མིན་དེ་བོད་རང་བཙན་རྩོད་མཁན་དང་འབྲེལ་བ་ཡོད་ མེད་མི་མང་ཁྲོད་གོ་བརྡ་ཡག་པོ་འཕྲོད་རྒྱུ་གལ་ཆེན་རེད་སྙམ།
སྤྱི་འཐུས་ཀརྨ་ཆོས་འཕེལ་ནི་བཙན་བྱོལ་སྤྱི་ཚོགས་ནང་སློབ་གཉེར་བྱས་ཏེ། དགེ་རྒན་དང་། སློབ་སྤྱི། གཞོན་ལྷན་ཚོགས་གཙོ། སྤྱི་འཐུས་ལྷན་ཚོགས་ནང་དབུས་གཙང་གི་སྤྱི་འཐུས་སྐབས་ཁ་ཤས་རིང་དང་། གྲོས་ཚོགས་ཚོགས་གཙོའི་འགན་ཡང་ཐེངས་ཁ་ཤས་ལ་ཁུར། ཁོང་ལ་གནོན་ཤུགས་ག་ཚོད་སླེབས་ཀྱང་། བོད་རང་བཙན་གྱི་ལྟ་བ་འཛིན་མཁན་ཞིག་རེད། སྤྱི་འཐུས་སྐབས་བཅོ་ལྔ་པའི་བཀའ་བརྒྱུད་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་དང་། ད་ལྟའི་བར་མི་མང་ཁྲོད་ཆོལ་ཁ་དང་ཆོས་བརྒྱུད་རིས་མེད་ཀྱིས་འོས་ཤོག་བླུགས་ཏེ་ གུས་བརྩི་བྱེད་ཡུལ་ཞིག་རེད། ད་ལོ་ཁོང་ལ་དགག་རྒྱག་དང་སྐྱོན་བརྗོད་ཤུགས་ཆེ་ཤོས་བྱུང་བ་དང། གྲོས་ཚོགས་ནང་རང་བཙན་སྐོར་བཤད་རྒྱུ་མིན་སྐོར་བརྗོད་དགོས་བྱུང་བ་མ་ཟད། ཁོང་རང་༧གོང་ས་མཆོག་གི་ཐུགས་དཀྲུག་མཁན་མིན་སྐོར་དཀར་འདོན་བྱས་པ་ཙམ་ལས། རང་བཙན་དོན་གཉེར་བ་ཚོའི་ཚབ་མཚོན་ཐུབ་པའི་༧གོང་ས་མཆོག་ཐུགས་ཕམ་བྱུང་བཅུག་ མེད་སྐོར་ཡང་བཤད་ཐུབ་མེད་པ་རེད།།
ཆོས་ཉིད་འོད་ཟེར་གྱིས་༢༠༡༣ ལོའི་ཕྱི་ཟླ་༩ ཚེས་༢༤ ཉིན།