སྨན་བཅོས་ལྟ་སྐྱོང་གིས་ལས་གཞིའི་ནང་མཉམ་ཞུགས་བྱེད་རྒྱུ་གལ་ཆེ།

ཕྱི་ཟླ་བདུན་པའི་ནང་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་གིས་རྒྱ་གར་ལྷོ་ཕྱོགས་མིང་ལོར་དང་ཧུན་སུར།སྤེལ་ཀོབ་གཞིས་ཆགས་བཅས་སུ་ཕེབས་ནས་དབུ་ལམ་གྱི་སྐོར་ལ་ལམ་སྟོན་གསུང་བཤད་གནང་ཡོད་པ་དང་། ཟླ་འདིའི་ཚེས་༡ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིིའི་གཞིས་སྤྱིའི་མི་མང་ཚོགས་ཁང་དུ་ཚོགས་འདུ་བསྐོངས་ཡོད་པ་རེད།

photoཚོགས་ཐོག་ཏུ་མོན་གྷོ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་གནད་ཡོད་ལས་ཀྱི་སྣེ་མོ་བ་ཡོངས་དང་།ལྷག་པར་དུ་དགོན་གྲོང་གཉིས་ཀྱི་ནང་ཡོད་པའི་འཕྲོད་བསྟེན་སྨན་ཁང་ཁག་གི་ལས་བྱེད་མི་སྣ་དང་གཞི་གྲོང་ཁག་དགུའི་མི་མང་བཅས་ལྷན་འཛོམས་ཐོགའཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་གིས་རང་བཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་གིས་ལས་གཞི་དེའི་དགེ་ཕན་དང་དམིགས་ཡུལ་གཙོ་བོ། གང་ཟག་སྒེར་སོ་སོར་ཕན་ཐོགས་གང་ཡོད་སོགས་དང་འབྲེལ་བའི་སྐོར་གསུང་དོན།   མོན་གྷོ་གཞིས་ཆགས་ནི་ང་ཚོའི་བཙན་བྱོལ་དུ་ཡོད་པའི་གཞིས་ཆགས་ཁག་གི་ནང་ནས་མི་འབོར་མང་ཤོས་ཀྱིས་གཞིས་ཆགས་ཤིག་ཡིན་པ་རེད། ཡིན་ན་ཡང་འཕྲོད་བསྟེན་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་འཛུལ་ཞུགས་བྱེད་མཁན་མི་གྲངས་གཅིག་སྟོང་དྲུག་བརྒྱ་ཙམ་ལས་ཡོད་པ་མ་རེད།   ས་གནས་མི་འབོར་ལ་གཞིགས་ན་བརྒྱ་ཆ་ཧ་ཅང་ཉུང་ཉུང་རེད།   དེར་བརྟེན་ལས་གཞི་འདིའི་ཐོག་མི་མང་ཡོངས་ཀྱི་དོ་ཁུལ་ལེན་རོགས་གནང་ཞེས་སོགས་གསུངས་སོང་།

ཉིན་འདིའི་ཉིན་རྒྱབ་(D T R) མོན་གྷོ་ས་གནས་འཕྲོད་སྟེན་སྨན་ཁང་གི་ལས་བྱེད་ཆེ་ཕྲ་ཡོངས་ཀྱི་ལས་གནས་རྗེ་སྤོར་རམ་འཕོ་འགྱུར་གཏོང་ཕྱོགས་སྐོར་གྱི་འཚོགས་འདུ་ཞིག་ཀྱང་འཚོགས་ཡོད་པ་རེད།

བཙན་བྱོལ་བོད་གཞུང་བཀའ་ཤག་གི་བཀའ་འབྲེལ་ལྟར་བཀའ་བློན་རྣམ་པ་དང་དྲུང་ཆེ་རྣམ་པ་ཆ་བགོས་ཀྱིས་བཙན་བྱོལ་ནང་གི་གཞིས་ཆགས་ཁག་དང་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་སུ་ཆེད་བསྐྱོད་ཀྱིས་གཙོ་བོ་མི་མང་ལ་དབུ་མའི་ལམ་གྱི་སྐོར་ལ་གོ་རྟོག་སྤེལ་རྒྱུ་དང་།   འདི་ལོའི་ལོ་ཧྲིལ་པོའི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོ་ལ་སྲུང་བརྩི་བྱེད་ཀྱི་ཡོད་སྐོར།   དེ་བཞིན་དོར་རྒྱལ་བརྟེན་གསོལ་བྱེད་མཁན་ཚོའི་ཐབས་སྐྱོའི་ལས་ཀ་བྱེད་ཕྱོགས་དང་འབྲེལ་བའི་སྐོར་སོགས་མི་མང་ལ་འབྲེལ་བཤད་གནང་གི་ཡོད་པ་པ་རེད།།

ལྷོ་ཕྱོགས་གསར་འགོད་པས།