སི་རི་ཡའི་རྒྱལ་ས་རུ་འབར་རྫས་གས་གཏོར།
སི་རི་ཡའི་རྒྱལ་སའིི་ལྷོ་ཕྱོགས་ཁ་ཆེའི་ཤཱི་ཡ་ཆོས་བརྒྱུད་ས་ཁུལ་གཙོ་བོའི་ཉེ་འཁོར་དུ་འབར་གས་ཐེངས་གསུམ་བྱུང་སྟེ། ད་ལྟའི་ཆཪ་ཤེས་རྟོགས་བྱུང་བ་ལྟར་ན་ཉུང་མཐར་ཡང་མི་༦༠ རྐྱེན་ལམ་དུ་བཏང་པ་དང་། མི་༡༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག
སི་རི་ཡའིSANAཞེས་པའི་གསར་ཁང་གིས་ཟླ་འདིའི་ཚེས་༡ ཉིན་གནས་ཚུལ་སྤེལ་བ་ལྟར་ན། འབར་གས་དོན་རྐྱེན་དེ་ནི་རླངས་འཁོར་འབར་གས་གཅིག་དང་རང་སྲོག་གཅོད་པའི་འབར་གས་གཉིས་བཅས་ཀྱི་གཏོར་རྒོལ་ཞིག་ཡིན་པ་དང་། ཤི་རྨས་ཀྱི་ཁ་གྲངས་ད་དུང་ཡར་འཕར་སྲིད་པ་ཞིག་ཡིན་པ་རེད།
SANA བརྙན་འཕྲིན་ཁང་གིས་བརྒྱུད་གཏོང་བྱས་པའི་བརྙན་རིས་ལས་གསལ་བ་ལྟར་ན། འབར་རྫས་ཀྱི་གཏོར་རྒོལ་ཐེབས་ཡུལ་གྱི་ཁང་པ་ཁ་ཤས་འཐོར་ཞིག་ཏུ་གྱུར་པའི་ཤུལ་དུ་མེ་འབར་བཞིན་པ་དང་། ད་དུང་གཞུང་ལམ་སྟེང་རླངས་འཁོར་ཆག་རོ་ཡང་མཐོང་རྒྱུ་ཡིན་འདུག ཡིན་ནའང་ད་ལྟའི་ཆར་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་ལ། འཇིགས་སྐུལ་དྲག་སྤྱོད་སྒྲིག་འཛུགས་ISIS ཡིས་ཐེངས་འདིའི་འབར་གས་བསྟུད་རྒོལ་གྱི་དོན་རྐྱེན་བཟོས་པ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད།
ཐེངས་འདིའི་གཏོར་རྒོལ་གྱི་དོན་རྐྱེན་བྱུང་བའི་སྐབས་འདིར་སི་རི་ཡའི་སྲིད་གཞུང་དང་ཁ་གཏད་ཤོག་ཁག་གི་སྐུ་ཚབ་ཀྱིས་སུད་སིའི་གྲོང་ཁྱེར་རྗན་ནི་ཝ་རུ་ཞི་མོལ་བྱེད་བཞིན་པ་དང་། ཡུ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་སྐུ་ཚབ་མཱོ་གྷུ་ཧི་རི་ནི་ (Federica Mogherini)ཡིས་བརྗོད་པ་ལྟར་ན། ཁ་ཆེའི་རྒྱལ་ཁབ་IS ཀྱིས་སི་རི་ཡའི་རྒྱལ་སའི་ཉེ་འཁོར་དུ་འབར་རྫས་ཀྱི་གཏོར་རྒོལ་བྱས་པའི་དམིགས་ཡུལ་དེ། རྗན་ནི་ཝ་རུ་འཚོགས་བཞིན་པའི་སི་རི་ཡའི་ཞི་མོལ་ལ་བར་ཆད་གཏོང་ཆེད་ཡིན་པ་མངོན་གསལ་དོད་པོ་ཡིན་པ་རེད།
སི་རི་ཡའི་ནང་འཁྲུག་ཁྲོད་འདས་པའི་ལོ་ལྔའི་རིང་མི་ཁྲི་༢༥ ལ་ཉེ་བ་རྐྱེན་ལམ་དུ་བཏང་པ་དང་། མི་ཁྲི་༡༡༠༠ ལྷག་ཁྱིམ་གཞིས་དང་ཁ་བྲལ་དགོས་བྱུང་ཡོད་པ་མ་ཟད། ཡུ་རོབ་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་བའི་དཀའ་ངལ་འཕྲད་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ཡང་གྱུར་ཡོད་པ་རེད།།
ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།