འཇར་མན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་བརྡབ་ལྷུང་།
རེས་གཟའ་མིག་དམར་ཉིན་འཇར་མན་གྱི་གྲུ་སྐྱེལ་གནམ་གྲུ་ཞིག་སི་པན་ནས་འཇར་མན་དུ་འཕུར་བའི་ལམ་བར་བརྡབ་ལྷུང་བྱུང་སྟེ། གནམ་གྲུའི་ནང་འགྲུལ་པ་༡༥༠ ཡོད་པ་ཆ་ཚང་རྐྱེན་འདས་སུ་གྱུར་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་༢༤ ཉིན་གྱི་ཞོགས་པར་སི་པན་གྱི་གྲོང་ཁྱེར་བྷར་སུ་ལོ་ནཱ་(Barcelona) ནས་འཇར་མན་གྱི་གྲོང་ཁྱེར་ཌུ་སིལ་ཌོ་ཧྥི་(Dusseldorf) རུ་འཕུར་བའི་A320 རྟགས་ཅན་འཇར་མན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག ལམ་བར་ནས་ཧྥ་རན་སིའི་ཨེལ་ཕི་སི་(Alps) ཞེས་པའི་རི་ཁུལ་དུ་བརྡབ་ལྷུང་བྱུང་སྟེ། གནམ་གྲུའི་ནང་འགྲུལ་པ་༡༥༠ ཡོད་པ་ཆ་ཚང་གི་ཚེ་སྲོག་ཤོར་ཡོད་འདུག་པ་དང་། འབྲེལ་ཡོད་འགན་འཁུར་མི་སྣས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། འགྲུལ་སྐྱེལ་གནམ་གྲུ་དེ་བརྡབ་ལྷུང་མ་བྱུང་སྔོན་ཉེན་སྐྱོབ་ཀྱི་བརྡ་ལན་གང་ཡང་སྤྲད་མེད་པ་དང་། གནམ་གྲུ་བརྡབ་ལྷུང་བྱུང་སའི་ས་གནས་ས་ཐོག་ནས་སྒམ་ཆུང་ནག་པོ་ཞིག་རྙེད་སོན་བྱུང་ཡོད་པས། ད་ལྟ་དངོས་སུ་ཞིབ་འཇུག་བྱེད་བཞིན་ཡོད་འདུག
རེས་གཟའ་མིག་དམར་ཉིན་གྱི་དགོང་མོར་ཧྥ་རན་སིའི་ཨེལ་ཕི་ས་ཁུལ་ནས་འཇར་གྱི་གནམ་གྲུ་འཚོལ་ཉུལ་ལས་དོན་མཇུག་སྒྲིལ་ཡོད་པ་དང་། གནམ་གྲུའི་ནང་གི་མི་ཆ་ཚང་༡༥༠ རྐྱེན་ལམ་དུ་ཤོར་ཡོད་པ་རེད། འཇར་མན་མཁའ་འགྲུལ་ལས་ཁུངས་ཀྱིས་བརྗོད་པ་ལྟར་ན། མིག་སྔར་མཁའ་སྐྱོན་དེ་ཞིབ་འཇུག་གྲུབ་དོན་ལ་བརྟེན་ནས་ཐག་གཅོད་བྱེད་བཞིན་པ་དང་། འཇིགས་སྐུལ་སྤྱོད་འཇབ་རྒོལ་བྱས་པ་ཡིན་ཚུལ་གྱི་བཤད་སྟངས་ཐམས་ཅད་ཚོད་དཔག་རེད་ཅེས་བརྗོད་ཡོད་པ་མ་ཟད། ཨ་རིའི་ཕོ་བྲང་དཀར་པོའི་ཕྱོགས་ནས་ཀྱང་ཐེངས་འདིའི་མཁའ་སྐྱོན་དང་འཇིགས་སྐུལ་རིང་ལུགས་འབྲེལ་བ་མེད་སྐོར་བརྗོད་ཡོད་པ་རེད།།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།