ཆབ་སྲིད་ཀྱི་ཐོག་ང་ཚོས་གོ་ཐག་ཆ་ཚང་གློད་འདུག
ཟླ་འདིའི་ཚེས་༡༠ ཉིན་དྷ་ས་གངས་སྐྱིད་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ ༡༠ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཕེབས་ཡོད་པ་རེད།
མཛད་སྒོའི་ཐོག་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་རྡོ་རྗེས་སློབ་གྲྭའི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་པ་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས། བོད་མིའི་ཤེས་ཡོན་སྲིད་ཇུས་ལག་བསྟར་ག་འདྲ་ཡོད་མེད་སྐོར་ལ་གྲོས་ཚོགས་ཀྱིས་ཞིབ་འཇུག་ཚོགས་ཆུང་བཙུགས་ནས། སྙན་ཐོ་བཏོན་པའི་ནང་ཤེས་ཡོན་སྲིད་ཇུས་ཡག་པོ་བྱུང་ཡོད་སྐོར་དང། དམིགས་བསལ་དཔེ་སྟོན་སློབ་གྲྭ་ལ་མཚོན་ན་ཧ་ཅང་ཡག་པོ་བྱུང་ཡོད་སྐོར། མ་འོངས་པར་སློབ་གྲྭ་ཚང་མའི་ནང་ཤེས་ཡོན་སྲིད་ཇུས་ལག་བསྟར་ཡོང་ཐབས་སུ་མཐུན་རྐྱེན་བསྐྲུན་དགོས་སྐོར། བོད་མིའི་སྤྱི་ཚོགས་འདི་བཟང་སྤྱོད་དང་ལྡན་པ། གཞན་རྟེན་གྱི་བསམ་བློ་དོར་དགོས་སྐོར་སོགས་གསུངས་སོང་།
ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གིས་ཤེས་ཡོན་སྲིད་ཇུས་ཀྱི་བརྒྱུད་རིམ་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་སློབ་གྲྭ་ཁག་ངོ་སྤྲོད། ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་སློབ་གྲྭ་ཁག་གི་ནང་སློབ་སྦྱོང་ཡག་པོ་བྱུང་ཡོད་སྐོར། དེ་བཞིན་མ་འོངས་པར་སློབ་གྲྭ་ཚང་མའི་ནང་ལག་བསྟར་ཡོང་ཐབས་དང་༧གོང་ས་མཆོག་གི་དགོངས་གཞི་ལྟར་རིག་གཅིག་རྐང་འཛིན་གྱི་སློབ་མ་གསོ་སྐྱོང་ཡོང་ཐབས་བྱེད་བཞིན་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་།
དམིགས་བསལ་སྐུ་མགྲོན་མཁས་དབང་ཟམ་གདོང་རིན་པོ་ཆེས་ཤེས་ཡོན་སྲིད་ཇུས་ཀྱི་བྱུང་རིམ་མདོར་བསྡུས་ངོ་སྤྲོད་གནང་བ་དང་། སྔོན་མ་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱས་ཏེ་དཔེ་སྟོན་སློབ་གྲྭ་གསར་འཛུགས་སྐབས། སློབ་མ་འཛུལ་ཞུགས་བྱེད་མཁན་མང་པོ་མེད་ནའང། ད་ལྟ་མང་དུ་སོང་ཡོད་སྐོར་དང་དེའི་སྐབས་ཕུགས་རྒྱང་རིང་པོར་བསམ་བློ་གཏོང་མ་ཐུབ་ནས། ས་ཆ་ཆུང་ཆུང་དང་རྩེད་ཐང་མེད་པ་སོགས་ཆགས་བསྡད་ཡོད་པར་དགོངས་སེལ་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་། ཁག་ཅིག་གིས་ཤེས་ཡོན་སྲིད་ཇུས་དེ་ཁོང་གིས་བཟོས་པ་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དེ་འདྲ་མ་ཡིན་པར། ཁོང་བཀའ་བློན་ཁྲི་པ་ཡིན་སྐབས་ཟིན་བྲིས་ཚོགས་ཆུང་བཙུགས་ཏེ་ཞིབ་འཇུག་ཐེངས་མང་བྱས་ནས། མཐའ་མར་གྲོས་ཚོགས་ནང་གཏན་འབེབས་བྱས་པ་ཞིག་ཡིན་པ་ལས། ཁོང་གིས་བརྩམས་བཞག་པ་ཞིག་མིན་སྐོར་ཡང་འགྲེལ་བརྗོད་གནང་སོང་། དེ་བཞིན་ཟབ་གདོང་རིན་པོ་ཆེས་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱས་ནས་ད་ལྟ་ལོ་བཅུ་འཁོར་བའི་སྐབས་སློབ་གཉེར་ཡག་པོ་བྱུང་ཡོད་སྐོར་དང་། དབྱིན་ཡིག་འཛིན་གྲྭ་བཞི་པ་ནས་འགོ་འཛུགས་བྱེད་ཀྱི་ཡོད་ནའང་། བོད་ཡིག་ཡག་པོ་ཡོད་པ་མ་ཟད། དབྱིན་ཡིག་ཀྱང་སློབ་གྲྭ་གཞན་གྱི་སློབ་མ་རྣམས་དང་གཅིགས་མཚུགས་འགྲོ་ཐུབ་ཀྱི་ཡོད་སྐོར་གསུངས་སོང་།
༧གོང་ས་མཆོག་གིས་སློབ་གྲྭའི་མཛད་སྒོ་དང་འབྲེལ་གནས་བཀའ་སློབ་གནང་སྐབས་བོད་ཡིག་གི་བྱུང་རིམ་མདོར་བསྡུས་ངོ་སྤྲོད་གནང་བ་དང་། བོད་ཡིག་དེ་དེང་སྐབས་སེམས་ཁམས་རིག་པ་དང་ལྟ་གྲུབ་ཀྱི་སྐོར་བཤད་དགོས་ན་བོད་ཡིག་དེ་ཡག་ཤོས་རེད་འདུག འཛམ་གླིང་ཐོག་བརྗོད་གཞི་གསར་པ་ཚན་རིག་དང་། དཔལ་འབྱོར། ཆབ་སྲིད། ཁྲིམས་དེ་ཚོ་བོད་ཡིག་ཐོག་བེད་སྤྱོད་བྱེད་རྒྱུའི་གོ་སྐབས་མ་བྱུང་བ་དང་། ཡར་རྒྱས་སོང་ཡོད་པ་མ་རེད། དཔལ་ནཱ་ལེནྡྲའི་མཁས་པ་ཚོའི་ལྟ་གྲུབ་ཐོག་བོད་ཡིག་དེ་ངོམ་ཆོག་པ་ཞིག་བྱུང་ཡོད་སྐོར་གྱི་བཀའ་སློབ་གནང་སོང་།
༧གོང་ས་མཆོག་གིས་མུ་མཐུད་བོད་པའི་ཆོས་དང་རིག་གཞུང་སྐོར་ལ་བཀའ་སློབ་གནང་དོན། “ང་ཚོའི་མེས་པོ་ཚོས་བོད་ཡིག་ཐོག་ལོ་སྟོང་ཕྲག་ལྷག་གི་རིང་ལ་ཆོས་དང་རིག་གཞུང་བདག་པོ་བརྒྱབ་འདུག དངོས་གནས་བཤད་ན་བོད་པའི་ཆབ་སྲིད་ཐོག་སྔ་མོ་ནས་དོ་སྣང་ཤུགས་ཆེན་པོ་དང་། མིག་རྒྱང་རིང་པོའི་ཐོག་ནས་བསམ་བློ་བཏང་ནས་བྱས་ན། ཆབ་སྲིད་ཚགས་ཚུད་པོ་ཡོང་དགོས་པ་རེད་མོད། དེ་བྱུང་ཡོད་པ་མ་རེད། འཐུས་ཤོར་ཞེ་དྲག་སོང་འདུག ཆོས་རྒྱལ་མེས་དབོན་རྣམ་གསུམ་བཤད་བསྡད་ཡོད་རེད། དེ་ནས་མངའ་བདག་ཁྲི་རལ་པ་ཅན་ནས། བོད་སིལ་བུར་འཐོར་བ་དང་། ཆབ་སྲིད་ཀྱི་ཐོག་ང་ཚོས་གོ་ཐག་ཆ་ཚང་ལྷོད་འདུག ཡིན་ནའང་ད་ལྟ་བར་དུ་བོད་མི་རིགས་དེ་གནས་ཐུབ་པ་དེ་སྐད་ཡིག་གིས་བཟུང་འདུག སྐད་ཡིག་དང་རིག་གཞུང་ཡོད་པ་དེས་བོད་མི་རིགས་གནས་པ་ལ་ཕན་ཐོགས་བྱུང་ཡོད་པ་རེད། ང་ཚོ་བཙན་བྱོལ་དུ་སླེབས་པ་དང་ཆོས་དང་རིག་གཞུང་ཉར་ཚགས་ཡོང་རྒྱུ་དེ་གལ་ཆེ་ཤོས་སུ་བརྩིས་པ་རེད། དེ་ཉར་ཚགས་བྱེད་རྒྱུ་ལ། གྲངས་ཉུང་མི་རིགས་ཁ་ཤས་ཀྱིས་སོ་སོའི་སྐད་མ་བརླགས་པ་དང་མ་བརྗེད་པའི་དོན་དུ་འཛམ་གླིང་གསར་པ་ཟེར་ན། འཛམ་གླིང་འཁྲུགས་པོ་ཡོད་པ་དེ་དང་མ་འདྲེས་པ་ཡོང་ཐབས་བྱེད་ཀྱི་འདུག ང་ཚོས་དེ་འདྲ་བྱས་ནས་ཕན་གྱི་མ་རེད། འཛམ་གླིང་སྤྱི་འགྲོས་དང་མཐུན་པ་མི་གྲལ་དུ་ཚུད་པའི་ཐོག་ནས་སོ་སོའི་མི་རིགས་ཀྱི་ཁྱད་ཆོས་ཟིན་ཐུབ་དགོས་རེད། དེ་ཡོང་བ་ལ་དེང་དུས་ཀྱི་ཤེས་ཡོན་ཡང་གལ་ཆེན་རེད་”ཅེས་དང་། དེང་དུས་ཀྱི་ཤེས་ཡོན་དང་བྱམས་བརྩེ་དེ་གལ་ཆེན་པོ་ཡིན་སྐོར་སོགས་ལམ་སྟོན་གསུང་བཤད་གནང་ཡོད་པ་རེད།
མཛད་སྒོའི་ཐོག་སློབ་མ་ཁག་ཅིག་གིས་རྟེན་འབྲེལ་མཚོན་ཆེད་མཉམ་གཞས་བཏང་བ་དང་། “བོད་ཡིག་གི་དབྱངས་གསལ་”སྐོར་རྟགས་གསལ་བཏང་བ། བོད་ཡིག་སྙན་རྩོམ་“༸སྐྱབས་མགོན་ལགས་”ཞེས་པ་གྱེར་འདོན། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་ཐོག་ནས་ཀྱང་སྙན་ངག་གྱེར་འདོན་བྱས་པ་སྤྱན་འབུལ་ཞུས་ཡོད་པ་རེད། མཇུག་ཏུ་ཕ་མའི་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་གྱིས་ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་བ་དང་མཛད་སྒོ་གྲོལ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།