དགེ་བསྐུལ།
༄༅། །དད་ལྡན་ལྷག་བསམ་གཏོང་ཕོད་ཅན་སྦྱིན་པའི་བདག་པོ་རྣམས་ཀྱི་༸སྙན་དབང་དམ་པར། ཆེད་གསོལ།
དགོངས་པར་མངའ་གསལ་བཞིན་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་པོ་རིར་གདུལ་བྱ་ཐུན་མོང་བ་རྣམས་ཀྱི་ངོར་ཤེེར་ཕྱིན་གྱི་མདོ་གསུངས་པ་དང་དུས་མཉམ། རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་ཤམ་བྷ་ལའི་རིགས་ལྡན་ཟླ་བ་བཟང་པོ་སོགས་ཐུན་མོང་མ་ཡིན་པའི་དག་པའི་འཁོར་རྣམས་ཀྱི་ངོར་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་ཐོག་མར་གསུངས་ཡོད། དེ་རྗེས་བོད་གངས་ཅན་གྱི་ལྗོངས་སུ་དཔལ་དུས་ཀྱི་འཁོར་ལོའི་གསང་སྔགས་ཀྱི་ཟབ་ཆོས་དར་ཁྱབ་བྱུང་སྟེ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་མང་པོས་དུས་འཁོར་ཉམས་བཞེས་འཆད་ཉན་མཛད་དེ་བསྟན་ཆོས་མང་པོ་བརྩམས་པ་གནང་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༡༩༥༢ ལོར་སྐུའི་ཡོངས་འཛིན་ཆེ་བ་གླིང་སྤྲུལ་རྡོ་རྗེ་འཆང་གི་སྐུ་མདུན་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་དང་པོ་ཞུས་པ་གནང་ནས་བཟུང་ད་བར་བོད་དང་རྒྱ་གར་གཙོ་གྱུར་ཕྱི་རྒྱལ་ཤར་ནུབ་ཀྱི་ཡུལ་གྲུ་མང་པོར་དུས་འཁོར་དབང་ཆེན་ཐེངས་ ༣༣ བཀའ་དྲིན་སྩལ་བ་དེ་དག་གི་སྐབས་སུ་གང་གི་གདུལ་བྱ་སྐལ་ལྡན་ལས་འཕྲོ་ཅན་སེར་སྐྱ་འབུམ་ཕྲག་མང་པོར་བཀའ་དབང་ཞུ་ནོད་ཀྱི་བགོ་སྐལ་ཧ་ཅང་བཟང་པོ་ཐོབ་ཡོད། གལ་ཏེ་དངོས་སུ་བཅར་མ་ཐུབ་ཀྱང་དུས་འཁོར་དབང་ཆེན་ལ་དད་མོས་རྩེ་གཅིག་ཏུ་ཞུ་མཁན་ཕྱི་ནང་གི་སྐྱེ་བོ་ས་ཡ་མང་པོ་ཡོད་པ་ཞུ་མ་དགོས་པ་ཡིན།
དེས་ན་ཧི་མ་ལ་ཡའི་ནང་པའི་ཆོས་དང་རིག་གཞུང་འཛིན་སྐྱོང་ལྷན་ཚོགས་ངོས་ནས་སྟོན་པ་བཀའ་དྲིན་ཅན་གྱིས་དུས་འཁོར་གྱི་རྩ་རྒྱུད་ཐོག་མར་གསུང་ས་དང། ༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོས་དུས་འཁོར་དབང་ཆེན་ཐེངས་ ༣༠ པ་སྩལ་ཡུལ་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཞེས་གནས་ཁྱད་པར་ཅན་འདིར་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་༼དུས་འཁོར་མཆོད་རྟེན་༽ཆེན་མོ་ཞིག་གསར་བཞེངས་ཐུབ་ན་ཅི་མ་རུང་སྙམ་པ་ཞིག་ལོ་ཤས་གོང་ནས་ཡོད་མུས་ལྟར་ང་ཚོའི་ངོས་ནས་ས་གནས་མངའ་སྡེའི་གཞུང་ལ་འབྲེལ་གཏུགས་ཞུས་ཏེ་སྤྱིར་སངས་རྒྱས་ཀྱི་བསྟན་པ་རྒྱས་ཤིང། འགྲོ་ཀུན་བདེ་བ་དང། ཡང་སྒོས་༸གོང་ས་ལྷ་མིའི་རྣམ་འདྲེན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུས་པའི་ཆོས་རྒྱུད་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་༸ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་པ། འཛམ་གླིང་གི་ཁྱོན་འདིར་དམག་འཁྲུག་མུ་གེ་མེད་པ་ཞི་བདེའི་སྣང་བས་ཁྱབ་པ། དད་ལྡན་སྦྱིན་བདག་ཉེ་ལྟོས་དང་བཅས་པ་ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ་བ་དང། དལ་བ་དོན་ལྡན་ཐར་པའི་ལམ་སྣེ་ཟིན་པ་སོགས་ལེགས་ཚོགས་སྒོ་དུ་མར་དམིགས་པ་ཞིག་ཡིན།
དེ་ལྟར་དེ་བཞིན་གཤེགས་པའི་མཆོད་རྟེན་བཞེངས་པའི་ཕན་ཡོན་རྣམ་པར་འབྱེད་པའི་མདོ་ལས་བཅོ་བརྒྱད་གསུངས་པ་སྟེ། ༡ རྒྱ་ཆེན་པོའི་རིགས་སུ་སྐྱེ་བར་འགྱུར་བ། ༢ གཟུགས་བཟང་བར་འགྱུར་བ་དང། ༣ མཛེས་ཤིང་མིག་ཏུ་སྡུག་པར་འགྱུར་བ་དང། ༤ དབང་ཆེན་གྲགས་པར་འགྱུར་བ་དང། ༥ གཡོག་འཁོར་རྒྱ་ཆེན་པོར་འགྱུར་བ་དང། ༦ ལོངས་སྤྱོད་ཆེ་བར་འགྱུར་བ་དང། ༨ འཇིག་རྟེན་པ་རྣམས་འཁོར་ཞིང་འདུ་བར་འགྱུར་བ། ༩ ཀུན་གྱི་རྟེན་དུ་འགྱུར་བ་དང། ༡༠ ཕྱོགས་བཅུར་བརྗོད་པ་དང། ༡༡ སྒྲ་དང་ཚིགས་སུ་བཅད་པ་རྒྱ་ཆེན་པོ་མངོན་དུ་འགྱུར་བ་དང། ༡༢ ཕྱུག་ཅིང་ནོར་མང་པོ་དང་ལྡན་པར་འགྱུར་བ་དང། ༡༣ འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འཐོབ་པར་འགྱུར་བ་དང། ༡༤ ཚེ་རིང་བར་འགྱུར་བ་དང། ༡༥ ལུས་རྡོ་རྗེ་ལྟར་མཁྲེགས་པར་འགྱུར་བ་དང། ༡༦ ལུས་མཚན་དང་དཔེ་བྱད་དང་ལྡན་པར་འགྱུར་བ་དང། ༡༧ མཐོ་རིས་སུ་སྐྱེ་བར་འགྱུར་བ་དང། ༡༨ མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་བཅས་ཀྱི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་གསུངས་ཡོད། ཉེ་འཆར་ཨནྡར་སྤར་རྡེ་ཤི་ (ANDHARA PRADESH ) མངའ་སྡེའི་གཞུང་ནས་དམིགས་བསལ་དགོངས་བཞེས་ཀྱིས་ས་ཆ་གསོལ་རས་སྩལ་ཐོབ་བྱུང་ཞིང། དུས་འཁོར་ལུགས་ལ་མཆོད་རྟེན་བཞེངས་ལུགས་མི་འདྲ་བ་གཉིས་ཡོད་པ་ནས་སྐབས་འདིར་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་མཐོ་ཚད་ཕི་ཊི་ ༤༥ ཡས་མས་ཚད་ལྡན་གསར་བཞེངས་ཞུ་རྩིས་ཡོད། འོན་ཀྱང་བཟོ་བྱེད་པར་སོལ་བའི་དཔེ་བཞིན་དཔལ་འབྱོར་གྱི་མཐུན་རྐྱེན་ལྡང་ངེས་མེད་ན། སེམས་ལ་གང་བསམ་ལག་ལེན་དུ་འཁེལ་ཐབས་མེད་པའི་དཀའ་ངལ་ལ་བརྟེན། དད་ལྡན་ལྷག་བསམ་ཅན་རྣམས་ལ་རང་རང་བློས་བཅད་ཀྱི་རྒྱ་མཚོ་ཆུ་ཐིགས་ཀྱི་ཞལ་འདེབས་འབྲེལ་མཚོན་རྒྱ་མི་ཆུང་བ་ཞིག་གཤམ་གསལ་དངུལ་ཁང་གི་ཨང་གྲངས་ཐོག་གམ། ཡང་ན་ཁ་བྱང་ཐོག་འབྲེལ་བ་གནང་སྐྱོང་ཐུགས་རྗེ་ཆེ་ཞུའི་དགེ་བསྐུལ་དུ། ཧི་མ་ལ་ཡའི་ནང་པའི་ཆོས་དང་རིག་གཞུང་འཛིན་སྐྱོང་ཚོགས་པ་ནས་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༠ ལ་ཕུལ།།
Bank Details of Himalayan Buddhist Cultural Association, Electronic Transfer i.e. NEFT/RTGS
B-4, Ladakh Buddhist Vihar, Bela Road Delhi-54
Account Name : Himalayan Buddhist Cultural Association
Account No. : 90322010031225
IFSC Code : SYNB0009032
MICR : 110025026
Bank Name : Syndicate Bank
Branch : Kashmere Gate, Delhi
FCR Registration Number : Registration Under Foreign Contribution (Regulation) Act 2010