ཀོང་ཏུང་ཞིང་ཆེན་དུ་དྲག་ཆར་གྱི་གནོད་སྐྱོན།

ཉེ་ཆར་རྒྱ་ནག་ཀོང་ཏུང་ཞིང་ཆེན་དུ་དྲག་ཆར་ཤུགས་ཆེན་བབས་ཏེ་གྲོང་བརྡལ་༢༣ གྱི་མི་ཁྲི་༥༥ ཙམ་ལ་གནོད་སྐྱོན་བཟོས་ཡོད་པ་དང་། དེའི་ཁྲོད་མི་༨ འདས་གྲོངས་དང་མི་༤ གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།

ཀོང་ཏུང་ཞིང་ཆེན་གཞུང་ཕྱོགས་ནས་བརྗོད་པ་ལྟར་ན། ཕྱི་ཟླ་༥ ཚེས་༢༠ ཉིན་གྱི་ཞོགས་པ་ནས་ཕྱི་ཚེས་༢༡ ཉིན་གྱི་དགོང་མོའི་བར་ཀོང་ཏུང་དུ་ལོ་འདིའི་ནང་གི་དྲག་ཆར་ཤུགས་ཆེས་ཆེ་ཤོས་བབས་ཏེ། ཀོང་ཏུང་གི་བྱང་དང་ནུབ་བཅས་སུ་ཆར་ཤུགས་ཆེན་པོ་ནས་དྲག་ཆཪ་བབས་པ་དང་། ཡཱ་ཅང་དང་ཧྲན་ཀྲན་གྱི་ས་ཁུལ་ཁ་ཤས་སུའང་དམིགས་བསལ་གྱི་དྲག་ཆར་བབས་ཡོད་འདུག་ལ། ཐེངས་འདིའི་དྲག་ཆར་གྱིས་གནོད་སྐྱོན་ཆེ་ཤོས་ཕོག་ཡུལ་དེ་མའོ་མཱི་གྲོང་ཁྱེར་ཆགས་ཡོད་པ་དང་། ཆུ་ཚོད་༦ རེའི་ནང་ཆར་ཚད་མཱི་ལི་མི་ཌར་༤༢༩.༥ ལ་སླེབས་ཏེ། འདས་པའི་ལོ་༢༠༠ ཡི་ནང་གི་ཆར་ཆུ་ཆེ་ཤོས་ལྟ་བུ་གྱུར་ཡོད་པ་རེད།

ཐེངས་འདིའི་དྲག་ཆར་བརྟེན་ནས་ས་ཉིལ་ཆུ་རུད་དང་ཆུ་ལོག་རྒྱུག་པ་སོགས་ཀྱིས་ཆུ་རགས་ལ་གནོད་སྐྱོན་བཟོས་པ་དང་། འགྲིམ་འགྲུལ་གཞུང་ལམ་གྱི་ས་ཚིགས་མང་པོ་ཆད་པ། ཟམ་པ་གཏོར་བ་སོགས་བྱུང་འདུག་ལ། གྲོང་ཁྱེར་ནང་ཁུལ་གྱི་སྲང་ལམ་གང་སར་ཆུས་ཁེངས་ཏེ་གཏིང་ཟབ་སར་ཁ་ཤས་ལ་མིའི་སྐེད་པའི་བར་ཆུའི་ནང་ནུབ་འགྲོ་ཡི་ཡོད་འདུག།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།