རྒྱ་ནག་གི་དམག་སྤྱི་ཆེན་མོ་གཞོན་པ་ཟུར་པ་ཞིག་དམར་ཤོག་ནས་ཕྱིར་ཕུད།
རྒྱ་ནག་དམར་ཤོག་དབུས་དམག་དོན་ལྷན་ཁང་གི་དམག་སྤྱི་ཆེན་མོ་གཞོན་པ་ཟུར་པ་ཀའོ་པོ་ཞུང་དམར་ཤོག་ནས་ཕྱིར་ཕུད་ཀྱིས། ཆེས་མཐོའི་མི་མང་ཞིབ་དཔྱོད་ཁང་གི་དམག་དོན་ཞིབ་བཤེར་ཚན་པར་རྩིས་སྤྲོད་བྱས་ཡོད་འདུག
རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཤིན་ཧྭ་གསར་ཁང་གིས་ཟླ་འདིའི་ཕྱི་ཟླ་༧ པའི་ཚེས་༣༠ ཉིན་གྱི་དགོང་མོར། རྒྱ་ནག་དམར་ཤོག་དབུས་ཆབ་སྲིད་སྡེ་ཚན་གྱི་ཚོགས་འདུའི་ཐོག་གི་དཔྱད་ཞིབ་དང་། རྒྱ་ནག་དམར་ཤོག་དབུས་དམག་དོན་སྒྲིག་བཤེར་ལྷན་ཁང་བརྒྱུད་དེ། <<ཀའོ་པོ་ཞུང་དང་འབྲེལ་བའི་རྩ་འཛུགས་ཀྱི་ཞིབ་བཤེར་གནས་སྟངས་དང་ཐག་གཅོད་བསམ་ཚུལ་གྱི་སྙན་ཐོ>>་ཞེས་པ་ཞིག་ཕྱིར་བསྒྲགས་བྱས་ཡོད་པའི་ནང་། ཀའོ་པོ་ཞུང་དམར་ཤོག་ཚོགས་པ་ནས་ཕྱིར་ཕུད་ཀྱི་ཐག་གཅོད་བྱས་ཡོད་པ་མ་ཟད། ཚབས་ཆེའི་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་དོགས་གཞིའི་ནག་ཉེས་ཀྱི་གནད་དོན་ཆེས་མཐོའི་མི་མང་ཞིབ་དཔྱོད་ཁང་གི་དམག་དོན་ཞིབ་བཤེར་ཚན་པར་རྩིས་སྤྲོད་བྱས་ཏེ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།
རྒྱ་ནག་དམར་ཤོག་དབུས་དམག་དོན་ལྷན་ཁང་གི་ཚོགས་གཙོ་གཞོན་པ་དང་ཆེས་མཐོའི་དམག་དཔོན་གྱི་གོ་གནས་ཡོད་པའི་ཀའོ་པོ་ཞུང་ནི། ཞི་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས་ཀྱི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་ཁྲོད་གནས་དབྱུང་བཏང་བའི་དམག་དཔོན་རིམ་པ་ཆེས་མཐོ་ཤོས་ཆགས་ཡོད་པ་དང་། ཉེ་བའི་ཟླ་ཤས་རིང་ཀའོ་པོ་ཞུང་གི་བུ་ཀོ་ཀྲན་ཀང་གཙོས་པའི་ཁོང་གི་ཉེ་འཁོར་གྱི་མི་སྣ་ཉུང་མཐར་ཡང་བཅུ་གྲངས་ཤིག་འཇུ་བཟུང་དང་། ཞིབ་བཤེར་བཅས་བྱས་ཏེ་ཀོ་པའོ་ཞུང་གི་ཤུགས་རྐྱེན་རྩ་མེད་གཏོང་ཐབས་བཟོ་བཞིན་ཡོད།
ཐེངས་འདིར་ཀའོ་པོ་ཞུང་ལ་ཉེས་འཛུགས་བྱས་པའི་ནག་ཉེས་ཀྱང་རྒྱ་ནག་གི་སྟག་རྒན་གཞན་དང་ཧ་ལམ་འདྲ་བར། མི་གཞན་གོ་གནས་སྤར་ཆེད་ཁེ་ཕན་བླངས་པ། ནང་མི་བརྒྱུད་དེ་ལྐོག་རྔན་ལེན་པ། ལྐོག་རྔན་བླངས་པའི་བྱ་སྤྱོད་སོགས་ཀྱིས་བག་ཆགས་ངན་པ་བཞག་པ་བཅས་ཡིན་འདུག དེ་བཞིན་རྒྱ་ནག་གི་སྐབས་སྔོན་མའི་དམག་དོན་ལྷན་ཁང་གི་ཚོགས་གཙོ་གཞོན་པ་ཟུར་པ་ཞུའུ་ཚེ་ཧུག་ལ་ཞིབ་བཤེར་སྐབས་སྨན་ཁང་དུ་འདས་གྲོངས་སུ་གྱུར་ཏེ། ཁྲིམས་ཐོག་ནས་གནད་དོན་ཐག་གཅོད་བྱས་ཐུབ་མེད་ཀྱང་། ཁོང་ལ་སྐྱོན་འཛུགས་བྱས་པའི་ནག་ཉེས་ཀྱི་ནང་དུའང་། གཞན་གྱི་ཆེད་དུ་གོ་གནས་སྤར་བ་དང་རོགས་སྐྱོར་བྱས་པ། ཐད་ཀར་ནང་མི་བརྒྱུད་ནས་ལྐོག་ངན་འབོར་ཆེན་བླངས་པ། དབང་ཆ་སྒེར་སྤྱོད་ཀྱིས་མི་གཞན་གྱི་ཁེ་ཕན་ལ་ཕོག་ཐུག་བཏང་པ་དང་། ལྐོག་རྔན་ཧ་ཅང་འབོར་ཆེན་བླངས་པ་བཅས་ཡིན་པ་རེད།།
ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།