ཞི་ལ་གོ་གནས་ཐོབ་པའི་གསང་བ་དང་པའོ་ཚང་ཕ་བུའི་གདོང་རིས་ངོ་མ།

རྒྱ་ནག་དམར་ཤོག་ཚོགས་པའི་གཙོ་འཛིན་མའོ་ཙེ་ཏུང་གི་བློས་ཐུབ་དམག་དཔོན་ལཱོ་རུན་ཆིན་གྱི་བུ་ལཱོ་ཡུ་ཡིས་ཉེ་ཆར་ཁོང་གི་ལོ་རྒྱུས་ཀྱི་དེབ་ཅིག་དང་སྲིད་འཛིན་ཞི་ཅིན་ཕིང་ལ་ཕུལ་བའི་ཡོངས་གྲགས་ཀྱི་འཕྲིན་ཡིག་ཅིག་བྲིས་ཡོད། སྤྱིར་ཁོང་ནི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་མི་རབས་དང་པོའི་སྐུ་སྲས་མི་རབས་གཉིས་པའི་ཁོངས་སུ་གཏོགས་ཀྱང་། ལཱོ་ཡུ་སྔར་ནས་རྒྱ་ནག་དམར་ཤོག་ཚོགས་པ་དང་ཁ་བྲལ་ཟིན་ཞིང་། ཉེ་ཆར་སླར་ཡང་སྲིད་འཛིན་ཞི་ཅིན་ཕིང་ལ་སྲིད་དབང་སྒེར་གཅོད་ལམ་ལུགས་མཇུག་བསྡུས་ཏེ་མང་གཙོའི་ལམ་དུ་བསྐྱོད་དགོས་པའི་འབོད་སྐུལ་བྱས་ཡོད་པ་ལྟར། ཕྱིའི་བརྒྱུད་ལམ་ཁག་ཅིག་གིས་ལཱོ་ཡུ་ལ་བཅར་འདྲི་བྱས་པའི་ཚན་པ་གཅིག་འདི་གའི་གསར་འགོད་པས་ཕབ་བསྒྱུར་བྱས།
རང་ལོ་༧༡ ཡིན་པའི་ལཱོ་ཡུ་ཡིས་དེ་སྔར་རྒྱ་ནག་དམར་ཤོག་“སྤྱི་ཁྱབ་དྲག་ཇུས་པུའུ་”རུ་ལས་ཀ་བྱས་པ་དང་༡༩༨༨ ལོར་མདའ་དཔོན་གྱི་དམག་ས་ཐོབ། ༡༩༩༠ ལོའི་“དྲུག་བཞི་དྲག་གནོན་”དང་དམག་དཔུང་ནང་གི་རུལ་སུངས་ལ་ཡི་མ་རངས་པར་རྒྱ་ནག་དམར་ཤོག་ཚོགས་པ་ནས་ལོགས་སུ་ཐོན། ༡༩༩༢ ཅང་ཙེ་མེན་གྱིས་ཐད་ཀར་བཀའ་ཕབ་སྟེ་དམར་ཤོག་ཚོགས་མི་དང་དམག་ཁོངས་ནས་ཕྱིར་ཕུད་བཏང་བ་དང་། ༡༩༩༠ ལོར་ཧོང་ཀོང་གི་གློག་བརྙན་འཁྲབ་སྟོན་མ་ཏི་ནཱ་དང་གཉེན་སྒྲིག་བྱས་ཤིང་། ༢༠༡༠ ལོར་ལྕམ་ཏི་ནཱ་ཧོང་ཀོང་དུ་སྐུ་གྲོངས་པའི་རྗེས་ལཱོ་ཡུ་ཨ་རིིར་གནས་སྤོ་བྱས་ཏེ་སྡོད་ཡོད་ལ། འདི་ལོའི་ཕྱི་ཟླ་༡༠ པའི་ནང་པར་སྐྲུན་བྱས་པའི་<<སྤྱི་ཁྱབ་དྲག་ཇུས་པུའུ་དང་ཁ་བྲལ་བ་>> ཞེས་པའི་ནང་ཁོང་གི་ལོ་རྒྱུས་ཁ་གསལ་བྲིས་ཡོད།
སྐུ་ཞབས་ལཱོ་ཡུ་ནི་དཔེ་མཚོན་ཅན་གྱི་རྒྱ་ནག་དམར་ཤོག་མི་རབས་གཉིས་པ་ཞིག་ཡིན་ལ། ཁོང་གི་པཱ་ལགས་ནི་ཚེ་གང་བོར་མའོ་ཙེ་ཏུང་གི་རྗེས་སུ་འབྲངས་ཏེ་སྲིད་དབང་རྩོད་ལེན་བྱེད་མཁན་ཞིག་ཡིན་སྟབས། ཁོང་གིས་ཅིའི་ཕྱིར་རང་ཉིད་དང་ལས་དབང་གཅིག་པའི་དམར་ཤོག་མི་རབས་གཉིས་པ་ཞི་ཅིན་ཕིང་ལ་སྲིད་དབང་གཅིག་སྡུད་མཇུག་བསྡུ་བའི་རེ་བ་རྒྱག་པ་རེད་དམ། ང་ཚོའི་བཅར་འདྲིའི་ཟིན་ཐོ་ཡང་མཚམས་འདི་ནས་འགོ་འཛུགས་རྒྱུ་ཡིན།
གསར་འགོད་པ། སྐུ་ཞབས་ལཱོ་ཡུ་ལགས་སྐུ་ཁམས་བཟང་། ང་ཚོས་ཉེ་ཆཪ་ཁྱོད་ཀྱིས་<<ཀུ་ཤུ་ཉིན་རེའི་གསར་ཤོག་>> སྟེང་འགོ་བརྗོད་ལ་“སྤུན་ཆུང་ཞི་ཅིན་ཕིང་ལ་བགྲོ་བ།”ཞེས་པའི་རྩོམ་ཡིག་སྤེལ་ཡོད་པ་མཐོང་སོང་བ་མ་ཟད། རྩོམ་ཡིག་ནང་སྤུན་ཟླའི་མཛའ་བརྩེ་སྐོར་གླེང་འདུག དེ་ལྟར་བཤད་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།
ལཱོ་ཡུ། དེ་ལྟར་བཤད་པའི་རྒྱུ་མཚན་ནི་ཁོང་(ཞི་ཅིན་ཕིང་) ངའི་སྤུན་ཆུང་ཡིན་པ་མ་ཟད། སྤུན་ཟླའི་མཛའ་བརྩེ་ཡང་ཏན་ཏན་ཡོད་པ་ཞིག་ཆགས་ཡོད།
སྤྱིར་བཏང་ང་ཁོང་རང་ཉིད་ལ་དེ་ཙམ་རྒྱུས་མངའ་ཆེན་པོ་མེད་ཀྱང་ངས་ཁོང་གི་ཕ་མ་གཉིས་ངོ་ཤེས་ཀྱི་ཡོད། ཞི་ཀྲུང་ཞུན་མགོ་རྟིང་སློག་པའི་སྐབས་སུ་ཞི་ཅིན་ཕིང་ད་དུང་བྱིས་པ་རེད། རྗེས་སུ་ཞི་ཀྲུང་ཞུན་དང་ཨ་ནེ་ཆི་ཞི་གཉིས་ང་ཚོའི་ཁྱིམ་དུ་ངའི་ཨ་མ་ལ་ཡང་ཡང་ལྟ་རུ་ཡོང་གི་ཡོད། སྐབས་དེར་ངའི་པཱ་ལགས་མེད་པར་གྱུར་ཟིན། ལོ་རབས་༧༠ པའི་མཇུག་ནས་༡༩༨༧ ལོའི་བར་ཧ་ལམ་ལོ་བཅུའི་རིང་། ཨ་ནེ་ཆི་ཞི་རྟག་པར་ངའི་ཁྱིམ་དུ་ཡོང་བ་དང་། ངའི་ཨ་མ་ལགས་དང་ལྷན་དུ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཟློས་གར་ལ་ལྟད་མོ་ལྟ་རུ་འགྲོ་ཡི་ཡོད།
ཞི་ཀྲུང་ཞུན་སྐུ་ཟླ་གཉིས་དང་འབྲེལ་བ།
གསར་འགོད་པ། ཞི་ཅིན་ཕིང་ལ་ཕ་མའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་རེད་དགོངས་ཀྱི་ཡོད་དམ།
ལཱོ་ཡུ། མང་པོ་ཐེབས་ཡོད་རྒྱུ་རེད་བསམ་གྱི་འདུག དེ་ནི་ངས་ཁོང་ལ་རྩོམ་ཡིག་འདི་འབྲི་དགོས་པའི་རྒྱུ་མཚན་ཡང་ཡིན། ཁོང་གི་ཕ་མ་གཉིས་ནི་ངའི་དྲན་ཤེས་ཁྲོད་ཧ་ཅང་བརྩེ་སེམས་ཅན་ཞིག་དང་ཧ་ཅང་ལྷག་བསམ་ཟོལ་མེད་ཅིག་ཡིན་པ་མ་ཟད། དྲུག་བཞིའི་རྗེས་ངས་ལས་གནས་ནས་རྩ་དགོངས་ཞུས་པ་དང་ཧྲན་ཀྲན་ནས་རྒྱལ་ཁབ་དང་ཁ་བྲལ་ཏེ་ཕྱི་ལོགས་སུ་ཐོན། ང་རྒྱལ་ནང་ནས་ཐོན་སྐབས་ཆེས་མཐའ་མཇུག་ཏུ་ཐུག་པའི་འགོ་ཁྲིད་ཀྱང་ཞི་ཀྲུང་ཞུན་རེད།
ཞི་ཀྲུང་ཞིན་ནི་མང་གཙོ་ཤོག་ཁག་དང་གུ་ཡངས་ཤོག་ཁག་ཡིན་ཞིང་། ཚེ་གཅིག་ལ་སྐྱིད་སྡུག་ཡག་ཉེས་སྣ་ཚོགས་མགོ་སྟེང་དུ་ལྷུང་སྟེ་མའོ་ཙེ་ཏུང་གིས་ཐེངས་ཁ་ཤས་ལ་མགོ་རྟིང་སློག་པ་དང་། ཏིན་ཞའོ་ཕིང་གིས་ཀྱང་ཐེངས་གཅིག་ལ་མགོ་རྟིང་སློག་མྱོང་། ཞི་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས། མི་རྣམས་ཀྱིས་རྒྱུ་མཚན་དང་རྒྱབ་ལྗོངས་དེ་དག་ལ་བརྟེན་ནས་ཞི་ལ་གཞན་དང་མི་འདྲ་བའི་རེ་བ་འཆང་པ་ཞིག་ཡིན།
གསར་འགོད་པ། ཁྱོད་ཐོག་མར་རྒྱལ་ནང་ནས་ཐོན་སྐབས་ཆེས་མཐའ་མར་ཐུག་པའི་འགོ་ཁྲིད་ཞི་ཀྲུང་ཞུན་ཡིན་ཚུལ་གསུངས་སོང་། ཁྱོད་གཉིས་ཀྱིས་སྐབས་དེར་གླེང་མོལ་ཅི་ཞིག་བྱས་པ་ཡིན།
ལཱོ་ཡུ། སྐབས་དེར་དོན་དམ་པར་ཁོང་རྒྱ་ནག་གི་གྲོང་ཁྱེར་ཧྲན་ཀྲན་དུ་བཟང་བཙོན་འོག་བཞག་ཡོད། ངས་ཁོང་ལ་འགོ་ཁྲིད་ཅེས་འབོད་ཡོད། དོན་དངོས་སུ་ཁོང་སྐབས་དེར་ཏིན་ཞའོ་ཕིང་དང་ཡཱང་ཧྲང་ཁུན་གྱིས་ཧྲན་ཀྲན་དུ་བཟང་བཙོན་འོག་བཞག་སྟེ། པེ་ཅིང་དུ་ཕྱིར་ལོག་བྱ་བཅུག་གི་མེད་ཀྱང་ཁོང་གི་འགྲོ་འདུག་ལ་ད་དུང་རང་དབང་ཅུང་ཟད་ཡོད། ངའི་ཨ་མ་ལགས་ལོ་རྟག་པར་ཀཱང་ཏོང་དུ་བསྐྱོད་དེ་དགུན་ཁའི་ནམ་ཟླ་སྐྱེལ་བ་དང་། རྒྱུན་དུ་ཞི་ཅིན་ཕིང་གི་ཕ་མ་ཞི་ཀྲུང་ཞུན་དང་ཨ་ནེ་ཆི་ཞི་གཉིས་ལ་ལྟ་རུ་འགྲོ་ཡི་ཡོད། སྤྱིར་དེ་ལྟ་བུའི་འགྲོ་འོང་དེ་སྤྱི་ཚོགས་འབྲེལ་ལམ་གྱི་ཁོངས་སུ་གཏོགས་ཀྱང་གཞུང་གིས་བཀག་འགོག་མི་བྱེད་པར། པེ་ཅིང་དུ་ཕྱིར་ལོག་བྱ་བཅུག་གི་མེད་པ་ཙམ་ཡིན། གང་ཡིན་ཟེར་ན། ཞི་ཀྲུང་ཞུན་གྱིས་ཏིན་ཞའོ་ཕིང་གིས་ཧུ་ཡའོ་པང་གོ་གནས་ལས་ཕབ་པར་མོས་མཐུན་མ་བྱས་པར་བརྟེན། ཏིན་ཞའོ་ཕིང་གིས་ཁོང་ཧྲན་ཀྲན་དུ་བཟང་བཙོན་འོག་བཞག་པ་ཞིག་ཡིན།
ངའི་ཕ་སྤུན་གྱི་གཅེན་པོ་ཞཱ་ཞི་ཞིང་ཆེན་གྱི་ཧྲན་ཀྲན་བཅའ་སྡོད་སྐུ་ཚབ་ཁང་གི་འགན་འཛིན་གྱིས་ཞི་ཀྲུང་ཞུན་ཞལ་ལག་ལ་མགྲོན་འབོད་བྱས་པ་དང་། ང་ཞི་ཀྲུང་ཞུན་གྱི་མཁྲིས་སུ་སྡོད་དུ་བཅུག ཁོང་(ཞུ་ཀྲུང་ཞུན་) གིས་ང་ཤེས་ཀྱི་ཡོད། ངས་ཁོང་ལ་ལས་གནས་ནས་རྩ་དགོངས་ཞུས་སྐོར་བཤད་པ་ཡིན་ལ་ཁོང་གིས་ཀྱང་གསན་སོང་། ཡིན་ནའང་ཁོང་གིས་ཕལ་ཆེར་ངས་ཅི་ཞིག་བཤད་པ་ཧ་མ་གོ་བ་འདྲ། དེ་ནས་མི་རིང་བའི་རྗེས་ང་ཧྲན་ཀྲན་དང་ཁ་བྲལ་ཏེ་ཕྱི་རྒྱལ་དུ་སླེབས།
ཞི་ཅིན་ཕིང་ལ་གོ་ས་ཐོབ་པའི་རྒྱུ་རྐྱེན།
གསར་འགོད་པ། ཁྱོད་ཀྱིས་འཕྲིན་ཡིག་དེའི་ནང་ཞི་ཅིན་ཕིང་ལ་གོ་ས་ཐོབ་པ་ནི་གློ་བུར་བའི་དོན་དག་ཅིག་ཡིན་སྐོར་བྲིས་འདུག་པ་མ་ཟད། དེའི་ཐད་ཞི་ཅིན་ཕིང་གིས་ཁྱོད་ལས་ཀྱང་གསལ་པོ་ཤེས་ཀྱི་ཡོད་ཚུལ་བྲིས་འདུག ཁྱོད་ཀྱིས་དེ་ལྟར་བཤད་དགོས་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ།
ལཱོ་ཡུ། དོན་དངོས་ཐོག་རྒྱ་ནག་གི་སྲིད་དབང་སྒེར་འཛིན་ལམ་ལུགས་ལ་བརྟེན་ནས་ཤུལ་འཛིན་གྱི་གནད་དོན་ཐག་གཅོད་བྱ་ཐུབ་ཀྱི་མེད། མའོ་ཙེ་ཏུང་ནས་འགོ་བཙུགས་ཏེ་ཤུལ་འཛིན་པའི་གནད་དོན་ཐག་གཅོད་མ་ཐུབ་པར་ལུས་ཡོད། འོས་འདེམས་ཀྱི་ལམ་ལུགས་མེད་པའི་གནས་སྟངས་འོག་ཅང་ཙེ་མེན་གྱིས་ཅིའི་ཕྱིར་ཞི་ཅིན་ཕིང་བདམས་པ་རེད།
ཧུ་ཅིན་ཐའོ་ཅང་ཙེ་མེན་གྱི་ཤུལ་འཛིན་པ་ཆགས་པ་དེ་ཅང་ཙེ་མེན་གྱི་བསམ་ཚུལ་མ་ཡིན་པར་ཏིན་ཞའོ་ཕིང་གིས་བཀོད་སྒྲིག་བྱས་པ་ཞིག་ཡིན། ཅང་ཙེ་མེན་གྱི་ཁོག་པའི་ནང་གི་རླུང་དེ་གཏན་ནས་མ་ཞུ་ཐབས་མ་བྱུང་བར། ཧུ་ཅིན་ཐའོ་ཁྱོད་ཀྱིས་ཤུལ་འཛིན་ལིི་ཁེ་ཆང་མ་རེད་དམ། དེ་གཏན་ནས་མི་འགྲིག ཤུལ་འཛིན་པ་ངེས་པར་དུ་ཁོང་རང་ཉིད་ཀྱིས་བསྐོ་བཞག་བྱ་དགོས་ཚུལ་བརྗོད། ཡིན་ནའང་ཁོང་གིས་ཞི་ཅིན་ཕིང་བདམས་པ་དེ་ཧ་ཅང་ཧ་ཅང་སྟེས་དབང་གི་གོ་སྐབས་ཤིག་རེད། རྒྱུ་མཚན་ནི་ཁོང་ཞི་ཀྲུང་ཞུན་ལ་རྒྱུས་མངའ་ཡོད་པ་དང་། ཞི་ཀྲུང་ཞུན་མགོ་རྟིང་སློག་མཁན་སུ་ཡིན་མིན་ཁོང་གིས་གསལ་པོ་ཤེས་ཀྱི་ཡོད།
དེར་བརྟེན་ཅང་ཙེ་མེན་གྱིས་རང་ཉིད་ཀྱི་སྙིང་ནད་དེ་སངས་པའི་ཕྱིར་དུ་ཧུ་ཅིན་ཐའོ་ཡིས་སུ་ཞིག་བདམས་པ་ཡིན་ནའང་། ཁོང་གིས་དེ་མ་ཡིན་པ་ཞིག་བདམ་རྒྱུ་ཡིན་པ་དེ་རྒྱུ་མཚན་ཕྱོགས་གཅིག་རེད། གཉིས་ནས་ཅང་ཙེ་མེན་གྱིས་ཞུན་ཚེ་ཧུག་དང་གོ་པོ་ཞང་བེད་སྤྱོད་དེ་ཧུ་ཅིན་ཐའོ་ལོ་བཅུའི་རིང་སྟངས་འཛིན་བྱ་ཐུབ་པ་བྱུང་ཡོད་པ་བཞིན། ཧུ་ཅིན་ཐའོ་ལྟ་བུ་ཁོང་གི་སྟངས་འཛིན་ཐུབ་པའི་མི་ཞིག་བདམས་ཏེ་ཤུལ་འཛིན་བྱ་བཅུག་འདོད་ཡོད།
གསར་འགོད་པ། ངས་དྲན་པ་ལྟར་ན་ཁྱོད་ཀྱིས་འཕྲིན་ཡིག་ནང་། ༡༩༩༩ ལོར་ཅང་ཙེ་མེན་དང་པའོ་ཡཱི་པོ་ཧ་ཅང་ཁ་སེམས་མཐུན་པའི་སྐབས། པའོ་ཞི་ལེ་ཤུལ་འཛིན་པ་བསྐོ་བཞག་བྱ་འདོད་ཡོད་འདུག དེ་ལྟར་རེད་དམ།
ལཱོ་ཡུ། རེད། འདི་ཚང་མས་ཤེས་གསལ་རེད། དྲ་ཐོག་ཏུའང་དེའི་སྐོར་གྱི་གནས་ཚུལ་མང་པོ་མཐོང་རྒྱུ་འདུག ཅང་ཙེ་མེན་གྱིས་དོན་ངོ་མར་པའོ་ཞི་ལེ་ཡར་འཐེན་ཏེ་ཤུལ་འཛིན་བྱ་བཅུག་འདོད་ཡོད། ཡིན་ནའང་པའོ་ཞི་ལེ་མི་འདི་རང་བསྟོད་ལ་དགའ་བ་དང་འཇིགས་ཞུམ་མེད་པའི་མི་གདུག་རྩུབ་ཅན་ཞིག་ཡིན་པས། དམར་ཤོག་ནང་ཁུལ་དུ་ཁོང་ལ་ངོ་རྒོལ་བྱེད་མཁན་ཅུང་མང་། དུས་སྐབས་དེར་ཅང་ཙེ་མེན་ཡང་མའོ་ཙེ་ཏུང་དང་ཏིན་ཞའོ་ཕིང་ལྟ་བུ་མ་ཡིན་པར་ཁོང་གི་མཛུབ་མོ་གར་བསྟན་ཤཪ་མིན་པས། ཕྱོགས་ཡོངས་དང་བསྟུན་དགོས་ཀྱི་ཡོད། ཁོང་ཚོས་དེ་ལ་དམངས་ཀྱི་བསམ་ཚུལ་ཞེས་བརྗོད། དོན་དངོས་ཐོག་དམར་ཤོག་ནང་ཁུལ་གྱི་མཐོ་རིམ་པའི་བསམ་ཚུལ་ཡིན། པའོ་ཞི་ལེ་ཡི་ཤུལ་འཛིན་ལ་ངོ་རྒོལ་བྱེད་མཁན་ཤུགས་ཆེ་ཤོས་གཅིག་ནི་ཝན་ཅ་པའོ་དང་ཝུ་ཡཱི་སོགས་ད་དུང་གཞན་མང་པོ་ཡོད། ཁོང་ཚོ་ཀུན་གྱིས་མཐའ་གཅིག་ཏུ་པའོ་ཞི་ལེ་ཤུལ་འཛིན་དུ་བསྐོ་བར་ངོ་རྒོལ་བྱས།
གསར་འགོད་པ། ཁྱོད་ཀྱིས་མི་དེ་དག་གིས་པའོ་ཞི་ལེ་ཤུལ་འཛིན་དུ་བསྐོ་བར་ངོ་རྒོལ་བྱས་སྐོར་གསུངས་སོང་། འོ་ན་ཅང་ཙེ་མེན་གྱིས་ཞི་ཅིན་ཕིང་བདམས་པ་དེ་ཇུས་ཤིག་ཡིན་ནམ།
ལཱོ་ཡུ། ཁོང་རང་ཉིད་ཀྱིས་ཇུས་ཤིག་ལ་ངོས་འཛིན་བྱེད་ཡོད་སྲིད། ཁོང་གིས་ཞི་ཅིན་ཕིང་ཕྱི་ཚུལ་ནས་ཅུང་སྒམ་ཚུགས་ཅན་ཞིག་ལ་ངོས་འཛིན་བྱས་པ་དང་། ཞི་ཅིན་ཕིང་ཆེས་མཐོའི་གོ་གནས་ཐོག་མ་སླེབས་བར་དུ་དོན་དག་ཅི་ཞིག་ཐོག་ཏུའང་ཁ་མི་གྲག་པས། ཅང་ཙེ་མེན་གྱིས་ཞི་ཅིན་ཕིང་གོ་སར་བཞག་པ་ཡིན་ན་སྟངས་འཛིན་བྱ་ཐུབ་སྙམ། རྗེས་སུ་ཝང་ལི་ཅུས་ཀྱིས་ཀྲུའུ་ཡོང་ཁང་དང་པའོ་ཞི་ལེ་ཡི་སྲིད་དབང་མགོ་རྟིང་སློག་འཆར་རྐུབ་བཏོན་པ་དང་། གསང་བའི་འཆར་གཞི་དེ་ཝང་ལི་ཅུས་ཀྱིས་ཨ་རིའི་གཞུང་ཚབ་ལ་སྤྲད་པའི་རྗེས། ཨ་མེ་རི་ཁས་ལྐོག་ནས་ཞི་ཅིན་ཕིང་ལ་སྤྲད།
བཟང་སྤྱོད་ཀྱིས་ཕོངས་པའི་པའོ་ཡཱི་པོ།
གསར་འགོད་པ། ཁྱོད་ཀྱི་དེབ་ནང་ནས་ང་ཚོར་སྤྲད་པའི་ཚོར་སྣང་གཅིག་ནི། ཁྱོད་ཧུ་ཡའོ་པང་ལ་ཅུང་དགའ་ཞེན་ཆེ་བ་དང་ཧུ་ཡའོ་པང་ལ་གདེང་འཇོག་མཐོ་བོ་བྱས་འདུག་ལ། དེའི་རྗེས་སུ་ཞི་ཅིན་ཕིང་གི་པཱ་ལགས་ཞི་ཀྲུང་ཞུན་རེད། ཁྱོད་ཀྱིས་ཐེངས་དང་པོར་པའོ་ཡཱི་པོ་ནི་ཆེས་བཟང་སྤྱོད་ཀྱིས་ཕོངས་པའི་མི་ཞིག་རེད་ཅེས་བརྗོད་འདུག ཅིའི་ཕྱིར་དེ་ལྟར་བཤད་པ་ཡིན་ནམ།
ལཱོ་ཡུ། དོན་དག་དེ་འགྲེལ་བརྗོད་བྱེད་ཧ་ཅང་སླ། པའོ་ཡཱི་པོ་ཞེས་པའི་མི་འདི་དོན་ངོ་མར་རིག་གནས་གསར་བརྗེ་ཆེན་མོའི་སྔོན་དུ་ང་ཚོས་ཀྱང་ངོ་ཤེས། ཡིན་ནའང་ཁོང་ཚོ་མི་རྒབས་རྒན་པའི་གྲས་ཡིན་པ་དང་ང་ཚོ་མི་རབས་གཞོན་པ་ཡིན་པས། ཕུན་ཚུན་བར་འབྲེལ་ལམ་ཡོད་ཅེས་བརྗོད་མི་ཐུབ་ཀྱང་། པའོ་ཞི་ལེ་ནི་ཁོང་གི་བུ་ངོ་མ་ཡིན་ལ་ཁོང་སྤུན་ཚང་མ་ངའི་སློབ་གྲོགས་རེད།
ངས་ཁྱོད་ལ་གོ་བདེའི་ལམ་ནས་དཔེར་མཚོན་གཅིག་བཞག དུས་སྐབས་དེར་ལྕགས་རྟ་ཞིག་བཞོན་ཏེ་སློབ་གྲྭར་འགྲོ་རྒྱུ་བྱུང་ན་རྩེ་གྲ་རེད། ང་ཚོ་ཕལ་ཆེ་བས་གཞོན་པའི་ལྕགས་རྟ་རྒྱལ་ནང་ནས་ཐོན་པའི་“ཡཱོང་ཅུ་”འམ་ཡང་ན་“ཧྥན་གྷི་”ཡིན་པ་དང་། པའོ་ཡཱི་པོ་ཚང་གི་བུ་རྣམས་ཀྱིས་གཞོན་པའི་ལྕགས་རྟ་ནི་དབྱིན་ཡུལ་ནས་ནང་འདྲེན་བྱས་པའི་“ཧྥི་ལི་པི”རྟགས་ཅན་རེད། དངོས་གནས་བྱས་ན་པའོ་ཡཱི་པོ་དང་ངའི་པཱ་ལགས་ཀྱི་གནས་རིམ་གཅིག་པ་ཡིན་ཞིང་། གཉིས་ཀ་སྲིད་བློན་གཞོན་པ་ཡིན་ནའང་། པའོ་ཚང་གང་ལྟར་ཡང་མི་འདྲ་བ་ཞིག་ཡིན།
ད་དུང་ངའི་དྲན་ཡུལ་དུ་པའོ་ཡཱི་པོ་ནི་རྒྱུ་ནོར་ལ་ཧ་ཅང་དགའ་བའི་མི་ཞིག་ཡིན་ལ། དེ་དག་ཚང་མ་ཆུང་དུས་སྐབས་ཀྱི་མཐོང་སྣང་རེད།
གོང་དུ་ངས་དེ་ལྟར་བཤད་དགོས་པའི་རྒྱུ་མཚན་ནི། ཧུ་ཡའོ་པང་གིས་པའོ་ཡཱི་པོ་“མི་དྲུག་ཅུ་རེ་གཅིག་ལས་གྲུབ་པའི་གྱེན་ལངས་ཤོག་ཁག་”དཀར་འདོན་ཆེད་ཉིན་རྒྱུག་མཚན་རྒྱུག་བྱས་མྱོང་བ་ངས་ཤེས་ཀྱི་ཡོད། ཡིན་ནའང་ཧུ་ཡའོ་པང་གོ་གནས་ཕབ་པའི་དུས་ལ་སླེབས་པའི་སྐབས། དོན་དངོས་སུ་ཏིན་ཞའོ་ཕིང་གིས་རང་དབང་ཅན་ལ་རྒོལ་བ་ཞེས་ཇི་ལྟར་བཤད་ནའང་དེ་དག་ཚང་མ་ཚིག་ཙམ་རེད། ཏིན་ཞའོ་ཕིང་གི་སེམས་ལ་ཧུ་ཡའོ་པང་གིས་ལྷག་བསམ་རྣམ་དག་གིས་ཏིན་ཞའོ་ཕིང་རྒྱ་ནག་གི་“ཝ་ཤིང་ཌོན་”ཆགས་པར་རམ་འདེམས་བྱས་ཏེ། ཚེ་གང་དཔོན་ཐོབ་ལམ་ལུགས་མེད་པར་བཟོ་སྙམ། ཏིན་ཞའོ་ཕིང་གིས་ཚེ་གང་དཔོན་ཐོབ་ལམ་ལུགས་མེད་པར་བཟོ་བའི་སྐད་ཆ་གཅིག་བཤད་པ་དང་། ཧུ་ཡའོ་པང་ཡང་དེའི་རྗེས་སུ་སྙེག་སྟེ་ཚེ་གང་དཔོན་ཐོབ་མེད་པ་བཟོ་བར་ཤུགས་བརྒྱབ་པ་དེས་ཏིན་ཞའོ་ཕིང་ལ་ཕོག་ཐུག་བཏང་ཡོད། དེར་བརྟེན་ཏིན་ཞའོ་ཕིང་གིས་ཁ་གཡར་ས་ཞིག་བཙལ་ཏེ་ཧུ་ཡའོ་ཕང་མགི་རྟིང་སློག
དེ་ལྟར་ནའང་ཧུ་ཡའོ་པང་གོ་གནས་ལས་ཕབ་སྐབས་ཏིན་ཞའོ་ཕིང་རང་ཉིད་དངོས་སུ་གདོང་ལ་བུད་མ་དགོས་པར་ལག་རོགས་ཤིག་བཙལ་པ་དང་། པའོ་ཡཱི་པོ་ཡིས་ཧ་ཅང་ངར་ཤུགས་ཆེན་པོའི་ཐོག་ནས་ཧུ་ཡའོ་པང་ལ་འཐབ་རྩོད་བྱས་ཡོད། དེའི་ཕྱིར་ངས་པའོ་ཡཱི་པོ་ནི་མཐོ་རིམ་ལས་བྱེད་པའི་ནང་ཆེས་བཟང་སྤྱོད་ཀྱིས་ཕོངས་པའི་འགོ་ཁྲིད་ཅིག་རེད་ཅེས་བཤད་པ་ཡིན། ཁོང་གིས་རང་ཉིད་ཀྱི་གོ་སའི་ཆེད་དང་དཔོན་ཐོབ་ཆེད། ཡང་ན་རང་ཉིད་ཀྱི་བུ་ཕྲུག་གོ་གནས་མཐོ་པོའི་སྟེང་བཞག་ཐབས་ཆེད་ཡིན་ནའང་འདྲ། གང་ལྟར་ཁོང་གིས་དྲིན་ལན་ལོག་འཇལ་བྱས་ཡོད།
པཱོ་ཞི་ལེ་ཆུང་དུས་ནས་གདོང་ལ་འཛུམ་མདངས་རྫུན་མའི་ཁེངས་པའི་མི་ཞིག་ཡིན།
ལཱོ་ཡུ། ང་ཚོ་ཆུང་དུས་ནས་སློབ་གྲོགས་ཡིན་ཞིང་པའོ་ཡཱི་པོ་ཡི་བུ་པའོ་ཞི་ལེ་འདི་གང་དུ་ཡིན་ནའང་གདོང་ལ་འཛུམ་མདངས་རྫུན་མས་ཁེངས་པའི་མི་ཞིག་རེད་སྙམ། རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་ཁོང་གིས་ཀྱང་དཀའ་སྡུག་མང་པོ་མྱོང་དགོས་བྱུང་། ཁོང་བཙོན་འཇུག་བྱས་པའི་དུས་ཚོད་ང་ལས་ཀྱང་རིང་བ་དང་། པའོ་ཡཱི་པོ་ཅུང་ཕྱི་པོ་བར་དཀར་འདོན་མ་ཐོབ་པས་ཁོང་(པའོ་ཞི་ལེ་) བཙོན་ཁང་དུ་ཡུན་རིང་སྡོད་དགོས་བྱུང་།
བཙོན་ཁང་དུ་སྡོད་པའི་རིང་ངས་སྲིད་དབང་སྒེར་གཅོད་འདི་འགྲིག་གི་མེད་པ་དང་། ངེས་པར་མང་གཙོའི་ལམ་ལུགས་ཐོག་བསྐྱོད་དགོས་པའི་མཐའ་སྡོམ་རྙེད། དེར་བརྟེན་སྐབས་དེར་ཆེད་ལས་རྟོག་ཞིབ་རུ་ཁག་ལ་གལ་ཏེ་ང་ཤི་པ་ཡིན་ན་ཁྱོད་ཚོས་བསད་པ་རེད་ཅེས་བཤད་པ་ཡིན། སྐབས་དེར་ངས་བཙོན་ཁང་ནས་དེ་ལྟ་བུའི་མཐའ་སྡོམ་རྙེད། ཡིན་ནའང་པའོ་ཞི་ལེ་ལོ་༧ ནས་༨ བར་བཙོན་ཁང་དུ་བསྡད་ཀྱང་། (རྩོམ་མཆན། རིག་གསར་སྐབས་རྐུ་མའི་ཉེས་པའི་འོག་ལོ་༧ བཙོན་འཇུག་བྱས། གཞུང་འབྲེལ་ངོ་སྤྲོད་ནང་༡༩༦༡ ལོའི་ཟླ་༡ ནས་༡༩༧༢ ལོའི་ཟླ་༡༡ བར་རིག་གསར་ཁྲོད་ངོ་རྩོལ་ལ་ཞུགས།) མཐའ་སྡོམ་ཅི་ཞིག་རྙེད་ཡོད་དམ། ངས་ཁོང་གིས་རྗེས་སུ་དཔོན་པོ་བྱས་པའི་རྒྱུད་རིམ་ཁྲོད་རྒྱུས་ལོན་བྱུང་བ་ལྟར་ན། སྒེར་གཅོད་ལམ་ལུགས་འདིས་ཁོང་ལ་གནོད་བསྐྱལ་སོང་། ཁོང་གིས་སྒེར་གཅོད་ལམ་ལུགས་འདི་ཡག་པོ་མེད་པ་དང་སྒྱུར་བཅོས་གཏོང་དགོས་པ་ཞིག་གཏན་ནས་དྲན་མེད།
པའོ་ཞི་ལེ་ནི་འཁྱམ་པོ་ཞིག་རེད།
གསར་འགོད་པ། པའོ་ཞི་ལེ་དང་ལི་པེའོ་གཉིས་ལ་འདྲ་བའི་ཆ་འདུག་གམ།
ལཱོ་ཡུ། འདྲ་བའི་ཆ་ཅུང་ཟད་ཙམ་ཡང་མི་འདུག པའོ་ཞི་ལེ་ནི་འཁྱམ་པོ་ཆུང་ཆུང་ཞིག་རེད། ལི་པེའོ་(རྩོམ་མཆན། མའོ་སྐབས་ཀྱི་དམག་སྤྱི་ཆེན་མོ) ནི་དམག་སྤྱིའི་འཇོན་ཐང་ཅན་གྱི་མི་ཞིག་རེད་ལ། ལི་པེའོ་ནི་མདུན་གྱི་རི་བོ་རྡིབ་ཀྱང་དཔའ་མི་ཞུམ་པའི་མི་ཞིག་རེད། ཡིན་ནའང་(1971)“9་13”ཉིན་ཁོང་ཇི་ལྟར་དཔའ་ཞུམ་པ་ཡིན་མིན་སུས་ཀྱང་ཤེས་དཀའ།
གསར་འགོད་པ། པའོ་ཞི་ལེ་འཁྱམ་པོ་ཆུང་ངུ་ཞིག་རེད་ཅེས་པའི་དོན་དག་ཅི་ཞིག་ཡིན་ནམ།
ལཱོ་ཡུ། གང་ཡིན་ཟེར་ན་ཁོང་ནི་འཁྱམ་པོ་ཆུང་ངུ་ཞིག་རེད། ཁོང་ནི་ཐབས་མེད་པའི་ཁར་ཇུས་མེད་པ་དང་རྣམ་དཔྱོད་མེད་པ། ཚོང་མེད་པ་དེ་ལྟ་བུའི་འཁྱམ་པོ་ཞིག་རེད།
གསར་འགོད་པ། ཁྱོད་ཀྱིས་ཁོང་ནི་ཐབས་ཇུས་གང་ཡང་མི་ལྡན་པའི་མི་ཞིག་རེད་ཅེས་གསུངས་སོང་། དེ་ལྟར་ཡིན་ན་ཁོང་ དཔོན་ལམ་ཐོག་ཅི་ལྟར་བསྐྱོད་ཐུབ་པར་བྱུང་བ་རེད། པའོ་ཡཱི་པོ་ཡི་དབང་ཤུགས་ཁོ་ན་ལ་བརྟེན་ནས་སླེབས་པ་རེད་དམ།
ལཱོ་ཡུ། གཙོ་བོ་པའོ་ཡཱི་པོ་དང་ཅང་ཙེ་མེན་གཉིས་ཁ་མཐུན་ལ་བརྟེན་ནས་སླེབས་པ་དང་། རྒྱ་ནག་གི་དཔོན་པོ་བྱ་བར་མཐའ་གཅིག་ཏུ་ཐབས་ཇུས་དགོས་ངེས་ཤིག་མིན། རྒྱ་ནག་གི་དཔོན་པོ་བྱ་བར་ཆ་རྐྱེན་གང་ཡང་མེད་ནའང་ཆོག རྒྱ་ནག་གི་དཔོན་པོ་མང་པོ་ཞིག་ལ་ཆ་རྐྱེན་གང་ཡང་ཚང་མེད།
མུ་འགོད།
ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།